གཞན་ཡང༌། གཞན་གཅེས་པར་བཟུང་འོས་ཏེ། དཔེར་ན་འབྲས་བུ་ཕུན་སུམ་ཚོགས་པ་སྐྱེ་བའི་ཞིང་ས་ལྟ་བུ་དང༌། ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་གནས་སྐབས་ཀྱི་ཟས་གོས་སོགས་ཀྱང་སེམས་ཅན་ལ་བརྟེན་ནས་འབྱུང་ཞིང༌། སེམས་ཅན་གྱིས་རང་ཅག་ལ་ཨ་མ་བྱས་པའི་ཚེ་དྲིན་ཆེན་པོས་བསྐྱངས་པར་མ་ཟད། ཨ་མ་མ་བྱས་པའི་གནས་སྐབས་ནའང་དེ་དག་གི་དྲིན་ཁོ་ནས་རང་ཅག་འཚོ་བ་སྟེ། དཔེར་ན་རྩམ་པ་ཁུག་མ་གང་ཡང་དང་པོར་སེམས་ཅན་འགའ་ཞིག་གིས་རྨོས་འདྲེན། འགའ་ཞིག་གིས་ཆུ་བཏང༌། འགའ་ཞིག་གིས་ཕྱུགས་བཅག་སྐོར་བ་སོགས་དཀའ་བ་དཔག་མེད་བྱས། སྡོད་གནས་འདིའང་སེམས་ཅན་གྱི་དྲིན་ཏེ། མི་དང་དུད་འགྲོ་མང་པོས་ས་བསྐྱལ། རྩིག་པ་བརྩིགས། ཤིང་བཟོས། ཆུ་བསྐྱལ་བ་སོགས་ལས་བྱུང༌། གཟན་འདིའང་དང་པོར་ལུག་མང་པོ་ཞིག་གི་བལ་བཏོན། དེ་རྗེས་འགའ་ཞིག་གིས་འཐགས། འགའ་ཞིག་གིས་བཙེམ། ད་ལྟ་གྱོན་ཆོག་ཏུ་གྱུར། གཞན་ཡང་གནས་སྐབས་དལ་འབྱོར་གྱི་རྟེན་རྙེད་པ་དང༌། མཐར་ཐུག་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། སྤྱོད་པ་ལ་སློབ་པ། སངས་རྒྱས་ཐོབ་པ་མན་ཆད་སེམས་ཅན་གྱི་བཀའ་དྲིན་ཏེ་སྙིང་རྗེ་སྐྱེ་ཡུལ་དང༌། སེམས་བསྐྱེད་ཡུལ་དང༌། སྦྱིན་ཡུལ་དང༌། ཚུལ་ཁྲིམས་ཀྱི་གཞི་དང༌། བཟོད་པ་བསྐྱེད་ཡུལ་སོགས་སེམས་ཅན་ཡིན་པས། དེ་ཐམས་ཅད་ཀྱང་སེམས་ཅན་གྱི་དྲིན་ལས་བྱུང༌། དེས་ན་སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱ་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་གསུངས་པ་བཞིན་སངས་རྒྱས་ཀྱི་གོ་འཕང་ཡང་ཕྱེད་བླ་མའི་བཀའ་དྲིན་དང༌། ཕྱེད་སེམས་ཅན་གྱི་དྲིན་གྱིས་ཐོབ་པ་ཡིན་ཕྱིར་གླང་ཐང་པས་ཀྱང༌། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །ཤིན་ཏུ་གཅེས་པར་འཛིན་པར་ཤོག །ཅེས་པ་ལྟར་སེམས་ཅན་ནི་རང་གི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་སྒྲུབ་པ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་ན་གཞན་གཅེས་པར་འཛིན་འོས་པ་ཡིན་གསུངས།
No comments:
Post a Comment