Tuesday, 18 August 2015

བྱམས་པའི་དམིགས་པ་རྩལ་དུ་བཏོན་ནས་གཏོང་བ།

བྱམས་པའི་དམིགས་པ་རྩལ་དུ་བཏོན་ནས་གཏོང་བ་ནི། སེམས་ཅན་རྣམས་དོན་སྒྲུབ་པའི་ཕྱིར། །ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། །ཞེས་དང༌། སྡོང་བཀོད་དང༌། རྡོ་རྗེ་རྒྱལ་མཚན་གྱི་མདོ་སོགས་ལས་ཀྱང་ལུས་ལོངས་སྤྱོད་སོགས་གཏོང་བར་གསུངས་པ་བཞིན་རང་གི་ལུས་གང་འདོད་ཀྱི་དངོས་པོར་སྤྲུལ་ནས་སྣོད་དང་བཅུད་ལ་བཏང་བས། དང་པོར་བཅུད་ཀྱི་སེམས་ཅན་ཚ་དམྱལ་བ་ལྟ་བུར་སྦྲང་ཆར་གྱི་རྣམ་པར་སྤྲུལ་ཏེ་སྡུག་བསྔལ་སྦྱང༌། ལུས་དལ་འབྱོར་གྱི་རྟེན་དུ་བསྒྱུར་ནས་དེ་འཐོབ་པར་བྱས། དེ་ནས་གནས་དང་ཁང་བརྩེགས་ཡིད་དུ་འོང་བར་བསྒྱུར་ནས་བཏང་བས་དེ་ལ་བདེ་བར་ལོངས་སྤྱོད་པ་དང༌། ཟས་སྐོམ་ཕུན་ཚོགས་སུ་བསྒྱུར་ནས་བཏང་བས་ཚིམ་པར་བྱས། གོས་སུ་བསྒྱུར་ནས་བཀོན། དགེ་བའི་བཤེས་གཉེན་དུ་བསྒྱུར་ནས་ཆོས་བསྟན་པས་འཚང་རྒྱ་ལ་ཁད་དུ་བྱས་པར་བསམ། དེ་ནས་གྲང་དམྱལ་བ་ལ་ཉི་འོད་དང་གོས་སོགས་ཀྱི་རྣམ་པ། ཡི་དྭགས་ལ་ཟས་སྐོམ་སོགས་དང༌། དུད་འགྲོ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ། ལྷ་མིན་ལ་གོ་ཆ། ལྷ་ལ་འདོད་པའི་ཡོན་ཏན་ལྔ། མི་ནི་འདོད་པ་ཆེ་བས་གང་ལ་གང་འདོད་དུ་བསྒྱུར་ནས་བཏང༌། དེ་བཞིན་དུ་ལོངས་སྤྱོད་དང༌། དགེ་རྩ་སོགས་ཀྱང་གཏོང་ཞིང༌། བླ་མ་དང་སངས་རྒྱས་ལའང་ལུས་མཆོད་སྤྲིན་དུ་སྤྲུལ་ཏེ་ཕུལ་བས། བླ་མའི་སྐུ་ཚེ་མཛད་འཕྲིན་རྒྱས་པར་བསམ། དགེ་རྩ་དུས་གསུམ་གའི་དེ་གཏོང་ཆོག་ཅིང༌། ལུས་དང་ལོངས་སྤྱོད་གཉིས་ནི་འདི་དང་ཕྱི་མ་གཉིས་མ་གཏོགས། འདས་ཚར་བ་གཏོང་དུ་མེད། གཏོང་བའི་སྐབས་སེམས་ཅན་རྣམས་སྔར་བཤད་པ་ལྟར་བདེ་བས་ཕོངས་ལུགས་བསམས་ནས་བྱམས་པ་གཙོ་བོར་བསྐྱེད་ཅིང༌། བློ་སྦྱོང་གི་དམིགས་པ་འདི་ཉིད་ལ་ཐུགས་དམ་གྱི་གཙོ་བོར་བྱེད་དགོས། གཞན་ཡང༌། དེ་ལ་དྲན་པ་བསྐུལ་བའི་ཕྱིར། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང༌། །ཞེས་པ་ལྟར་གཏོང་ལེན་ལ་དྲན་པ་གསོ་བའི་ཕྱིར་གནས་སྐབས་ཐམས་ཅད་དུ་གཏོང་ལེན་གྱི་ཚིག་འདོན། འདི་ལ་གསེར་འོད་ནས་གསུངས་པའི་ཚིག་འགའ་ཞིག་ཡོད་ཀྱང༌། དེ་རང་རེས་མ་ཤེས་ན། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །ཞེས་སོགས་བཏོན་པས་རུང༌། སྔོན་གྱི་བླ་མ་འགའ་རེས་འདི་ཉིད་གྲངས་གསོག་ཏུ་མཛད་པའི་ལོ་རྒྱུས་ཀྱང་ཡོད། དེར་མ་ཟད་སྤྱོད་ལམ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་འཕེལ་ཐབས་སུ་འགྲོ་བ་བྱ་དགོས་ཤིང༌། དེ་ནི་མདོ་ཕལ་ཆེན་ལས་གསུངས་པ་དང༌། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་པ་སོགས་ལ་བལྟ་དགོས། གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་གཙོ་བོར་བྱེད་འདོད་པ་དག་གིས་འཇམ་མགོན་ཙོང་ཁ་པ་ཆེན་པོའ་ིརྣམ་ཐར་ལྟར་མདོ་ཕལ་ཆེན་ལ་ཡང་ནས་ཡང་དུ་ཐོས་བསམ་བྱེད། དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཞེས་པ་ལྟར་གཏོང་ལེན་གྱི་དམིགས་པ་ཅུང་ཟད་འབྱོངས་པའི་ཚེ་དབུགས་ཕྱིར་འགྲོ་སྐབས་གཏོང་བ་དང༌། ནང་དུ་འཇུག་པ་ན་ལེན་པ་དང་སྦྱར། རླུང་ལ་བསྐྱོན་པ་འདི་དང་པོར་མི་ནུས་ཀྱང༌། ཡང་ཡང་གོམས་ནས་རླུང་ལ་བསྐྱོན་ན་རླུང་སེམས་འཇུག་པ་གཅིག་པས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྐྱེ་སླ་བའི་འཕྲུལ་འདེགས་ཆེན་པོ་ཡིན། འདི་ནི་སྔགས་ཀྱི་སྐབས་ནས་བཤད་པའི་རྡོ་རྗེའི་བཟླས་པ་དང༌ཆ་འདྲ་ཞིང༌། མཁས་གྲུབ་རྗེས་རྗེ་བླ་མར། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །ཞེས་སོགས་བསྟོད་པ་མཛད་པའང་འདི་ལ་དགོངས་པ་རེད། འདི་དག་ལ་མན་ངག་གཞན་ཡང་ཡོད་མོད། རྒྱུན་དུ་ཆགས་མེད་མི་བྱེད་པའི་རིགས་ལ་འཆད་དུ་མི་རུང་གསུངས།

No comments:

Post a Comment