༈ ཉིན་བཅོ་བརྒྱད་པར།
ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའ་ིགསུང༌། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །ཞེས་སོགས་འདྲེན་པར་མཛད་དེ། སྔོན་འགྲོ་ཀུན་སློང་འཆོས་པ་མདོར་བསྡུས་དང༌། ས་བཅད་སྔོན་དུ་ཇི་ལྟར་སོང་བ་རྣམས་གསུངས་རྗེས། བྱང་ཆུབ་སེམས་སྦྱོང་སྐོར་ནས་རྒྱུ་འབྲས་བདུན་ལ་བསྐྱར་བཤད་མཛད། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཞེས་པའི་དོན་ཚན་གཉིས་པ་ལ་བདག་གཞན་མཉམ་པ། བདག་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ༑ གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་པ། བདག་གཞན་བརྗེ་བའི་བསམ་པ་དངོས། དེ་ལ་བརྟེན་ནས་གཏོང་ལེན་བསྒོམ་ཚུལ་ཏེ་ལྔ་ལས། དང་པོ་གསུམ་ལའང་བསྐྱར་བཤད་མཛད།
བཞི་པ་བདག་གཞན་བརྗེ་བའི་བསམ་པ་དངོས་ནི།
སྔར་སྐྱོན་ཡོན་ལ་བསམས་པ་དེ་ལྟ་བུས་བརྟགས་ནས། རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི། །ཞེས་སོགས་ཤླཽ་ཀ་བཞིས་བསྟན་པ་བཞིན། སྐྱོན་ཡོན་མཐོང་བའི་སྒོ་ནས་རང་གཅེས་པར་འཛིན་པའི་བློ་དང༌། གཞན་ཡལ་བར་དོར་བའི་བློ་གཉིས་གོ་ས་སྤོ་བ་ནི་བདག་གཞན་བརྗེ་བ་སྟེ། དེ་ཡང་གཞན་བདག་དང༌། བདག་གཞན་དུ་བསམ་པ་མིན་གྱི། སྔར་རང་གཅེས་པར་བཟུང་ནས་གཞན་ཡལ་བར་དོར་བ་ཡིན་པ་ལ༑ ད་དེ་ཉིད་གོ་ས་ལྡོག་སྟེ། རང་གཅེས་པར་འཛིན་པ་དེ་གཞན་ལ་སྤོ་བ་ལ་བརྗེ་བ་ཞེས་ཟེར་བས། སྔོན་ཆད་གཞན་ཡལ་བར་དོར་བ་ལྟར་ད་ཕྱིན་ཆད་རང་ཡལ་བར་དོར། སྔོན་ཆད་རང་གཅེས་པར་འཛིན་པ་བཞིན་དུ་ཕྱིན་ཆད་གཞན་གཅེས་པར་འཛིན་པར་བྱའོ་སྙམ་དུ་བློ་སྦྱོང༌། དེ་ལྟར་གོམས་ན་བརྗེ་ནུས་པ་འོང་སྟེ། དཔེར་ན་ཕ་རི་ལ་སྡོད་པ་ན་ཚུ་རི་གོ་ལྡོག་པའི་བློ་འབྱུང་བ་ལྟ་བུ་ཡིན་གསུངས།
No comments:
Post a Comment