Thursday, 30 April 2015

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ། བྱང་ཆུབ་ཏུ་སེམས་སྦྱོང་བའི་རིམ་པ་དངོས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ། ཁ།

________________________________________________
རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ་ལ།
ཚད་མེད་བཏང་སྙོམས། མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ། བྱང་ཆུབ་ཀྱི་སེམས་ཏེ་བརྒྱད་ལས། མར་ཤེས་ནས་ལྷག་བསམ་བར་དྲུག་ནི་རྒྱུ་དང༌། སེམས་བསྐྱེད་ནི་འབྲས་བུ་ཡིན།འདི་དག་རྒྱུ་འབྲས་སུ་འགྲོ་ལུགས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སེམས་བསྐྱེད་ཀྱི་སྔོན་དུ། གཞན་དོན་ཁུར་དུ་ཁྱེར་བའི་ལྷག་བསམ་འགྲོ་དགོས་ལ། དེ་ཡང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་མེད་ན་མི་སྐྱེ། དེ་སྐྱེ་བ་ལ་སེམས་ཅན་ཐམས་ཅད་བུ་ཡིད་དུ་འོང་བ་ལྟར་གཅེས་ལ་ཕངས་པའི་རྣམ་པ་ཅན་དུ་འཆར་བའི་ཡིད་འོང་གི་བྱམས་པ་བསྐྱེད་དགོས། དེ་ལྟ་བུའི་བྱམས་པའང༌། ད་ལྟ་གཉེན་ལ་ཡིད་འོང་སྐྱེ་ཞིང༌། དགྲ་ལ་མི་སྐྱེ་བས། སེམས་ཅན་ཐམས་ཅད་གཉེན་དུ་བལྟ་བ་སྔོན་དུ་འགྲོ་དགོས་ཤིང༌། གཉེན་གྱི་མཐར་ཐུག་ཀྱང་ཨ་མ་ཉིད་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་མར་བསྒྲུབས་ནས་དྲིན་དྲན་པ་དང༌། དྲིན་གཟོ་བ་བྱུང་ན་གཅེས་ལ་ཕངས་པའི་བྱམས་པའང་འབྱུང་ངོ༌།།དེས་ན་རྒྱུ་འབྲས་ཞེས་པའང་ཕྱི་མ་ཕྱི་མ་སྐྱེ་བ་ལ། སྔ་མ་སྔ་མ་སྔོན་དུ་འགྲོ་བ་ཞིག་དགོས། འདི་ལ་བློ་སྣ་ཐུང་ངུས་ལམ་ཐག་རིང་མོ་ཞིག་ཏུ་མི་སེམས་པར་རིམ་གྱིས་སྦྱངས་ན་ངེས་པར་སྐྱེ་ནུས་ཏེ། སྤྱིར་བཀའ་གདམས་ཀྱི་མན་ངག་ཟབ་ཅིང༌། ལྷག་པར་འཇམ་མགོན་ཙོང་ཁ་པ་ཆེན་པོའ་ིབསྟན་པ་འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ཆབ་དྲོན་མོ་ལྟར་མདོ་སྔགས་གང་ལའང་ཆ་ཚང་ཞིང་དྲི་མ་དང་བྲལ་ལ། སྔ་མ་དག་ལས་ཀྱང་ཆེས་ཆེར་ཟབ་ཏུ་སོང་བ་ཡིན་པས། བདག་གི་སྐྱབས་མགོན་བླ་མ་རིན་པོ་ཆེས། བོད་སྔ་རབས་ཀྱི་བསྟན་པ་རྣམས་རྗེ་བླ་མའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ལྟར་འབྱུང་རྒྱུའི་གྲ་སྒྲིགས་ཀྱི་ཚུལ་དུ་བྱུང་བ་ཡིན་གསུང༌། བློ་གཟུ་བོར་གནས་ན། སྟག་ཚང་ལོ་ཙཱ་བས། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་བསྟོད། །ཅེས་དང༌། རྫོགས་ཆེན་དཔལ་དགེའི་གསུང་ལས། མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ། །ཞེས་པ་ལྟ་བུ་དོན་ལ་གནས་པའི་བསྔགས་བརྗོད་ཡིན། གཞན་དུ་ན། སངས་རྒྱས་སྦར་བཅང་ཟེར་བའི་ཁ་བོ་ཆེའི་ཆོས་ཡོད་ཀྱང་དེས་ཚོགས་ལམ་ཆུང་ངུའང་སྦར་བཅངས་སུ་གཏོད་དཀའ། ལམ་རིམ་འདི་ལ་བརྟེན་ན་སངས་རྒྱས་སྦར་བཅངས་སུ་འབྱུང༌། དེ་ཡང་ལམ་གྱི་གོ་རིམ་ལྟར་མ་སྦྱངས་ན་མི་སྐྱེ་བས་དེའི་ཕྱིར་འདིར། དང་པོ་མར་ཤེས་ནས་སྦྱང་བ་ཡིན། འདི་ལ་ནན་ཏན་མི་བྱེད་པ་ནི། གང་དག་བདེ་བ་འདོད་པས་སྡིག་པ་སྒྲུབ་ན་གོ་ལོག་ཏུ་སོང་བ་ལྟར། འདོད་པ་སངས་རྒྱས་ཀྱི་གོ་འཕང་འདོད་ལ༑ སེམས་འདི་སྦྱོང་བ་ལ་མི་འབད་ན་ལག་ལེན་གོ་ལྡོག་པ་ཡིན་པས།གསང་སྔགས་ཀྱི་མྱུར་ལམ་ལ་བརྩོན་ཀྱང༌། གཙང་དུ་འགྲོ་དགོས་པའི་མི་ཞིག་རྟ་ལྟ་བུར་ཞོན་ནས་སོང་སོང་སྟེ་མཐར་གཙང་དུ་སླེབས་སོ་སྙམ་ཙ་ན་གཙང་དུ་མ་སླེབས་པར་ཀོང་པོ་རོང་དུ་སླེབས་པ་ལྟར་འགྱུར་བས་བྱང་ཆུབ་ཀྱི་སེམས་སྦྱོང་ཐབས་ལ་འབད་དགོས། མར་ཤེས་སྐྱེ་བ་ལའང་དཔེར་ན།རི་མོ་བྲི་བ་ལ་གཞི་ཞལ་བ་འཇམ་པོར་ཁོད་མ་སྙོམས་ན་མི་འོང་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སེམས་མ་སྙོམས་ན། བྱམས་སྙིང་རྗེ་སོགས་གང་བསྒོམས་ཀྱང༌། ཕྱོགས་རིས་ཅན་ལས་མི་སྐྱེ་བས། དང་པོར་བཏང་སྙོམས་ཚད་མེད་བསྐྱེད་དགོས་སོ།།

Wednesday, 29 April 2015

ཐེག་ཆེན་གྱི་གདམས་ངག སྐྱབས་གསུམ་གྱི་རྣམ་གཞག་བཤད་པ། སངས་རྒྱས་དཀོན་མཆོག་ལ་སྐྱབས་སྟོན་པ་པོར་འདམས་པ།

སངས་རྒྱས་དཀོན་མཆོག་ལ་སྐྱབས་སྟོན་པ་པོར་འདམས་པ།
ག་ཅིག། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་སྐྱབས་གནས་མཐར་ཐུག། སངས་རྒྱས་དཀོན་མཆོག་གི་མཚན་ཉིད་སེར་ན།

Tuesday, 28 April 2015

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ། བྱང་ཆུབ་ཏུ་སེམས་སྦྱོང་བའི་རིམ་པ་དངོས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ།

________________________________________________

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་ལ་གཉིས།
བྱང་ཆུབ་ཏུ་སེམས་སྦྱོང་བའི་རིམ་པ་དངོས་དང༌། 
སེམས་བསྐྱེད་ཆོ་གས་གཟུང་བའི་ཚུལ་ལོ། །
དང་པོ།

བྱང་ཆུབ་ཏུ་སེམས་སྦྱོང་བའི་རིམ་པ་དངོས་ལ།
རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བ་གཉིས་ལས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་སྒྲུབ་པ་ནི་སློབ་དཔོན་ཟླ་བ་གྲགས་པ་དང༌། ཙནྡྲ་གོ་མི་ཞི་འཚོ་སོགས་ཀྱི་ལུགས་ཡིན་ལ།བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བ་ནི་ཞི་བ་ལྷའི་ལུགས་ཏེ། དེ་ལྟར་སྟོན་པ་ནས་བྱམས་འཇམ་དབྱངས་སོགས་ལ་བརྒྱུད་པའི་གདམས་པ་གཉིས་ཡོད་པ་གང་གི་སྒོ་ནས་སྦྱང་ནའང་སྐྱེ་མོད། གདམས་པ་འདི་གཉིས་ཀ་མངའ་བའི་བླ་མ་གསེར་གླིང་པའི་མན་ངག་ཇོ་བོས་ལམ་སྒྲོན་སོགས་སུ་བཀྲལ་ཞིང༌། བཀའ་གདམས་རྙིང་མའི་སྐབས་རྒྱུ་འབྲས་བདུན་མ་ཁྱབ་གདལ་དུ་མཛད་ཀྱང༌། མཉམ་བརྗེའི་མན་ངག་ལྐོག་ཆོས་བཀའ་རྒྱའི་ཚུལ་དུ་གནང་བ་མཐའ་དག་རྗེ་རིན་པོ་ཆེ་ལ་བརྒྱུད་དེ༑ རྗེ་བླ་མས་གདམས་པ་གཉིས་ཀ་དང་སྦྱར་བའི་བློ་སྦྱོང་ཚུལ་གསུངས་པའི་མན་ངག་ལྟར་འདིར་ཡང་དེ་གཉིས་ཀ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་དགོས། དེ་ཡང་བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྐབས་མན་ངག་གཉིས་བསྲེས་ནས་བསྒོམ་དགོས་ཀྱང་བཤད་པའི་སྐབས་སོ་སོ་ནས་བཤད་དགོས་པས། དེ་ཡང་།
རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ་ལ།
ཚད་མེད་བཏང་སྙོམས། མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ། བྱང་ཆུབ་ཀྱི་སེམས་ཏེ་བརྒྱད་ལས། མར་ཤེས་ནས་ལྷག་བསམ་བར་དྲུག་ནི་རྒྱུ་དང༌། སེམས་བསྐྱེད་ནི་འབྲས་བུ་ཡིན།འདི་དག་རྒྱུ་འབྲས་སུ་འགྲོ་ལུགས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སེམས་བསྐྱེད་ཀྱི་སྔོན་དུ། གཞན་དོན་ཁུར་དུ་ཁྱེར་བའི་ལྷག་བསམ་འགྲོ་དགོས་ལ། དེ་ཡང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་མེད་ན་མི་སྐྱེ། དེ་སྐྱེ་བ་ལ་སེམས་ཅན་ཐམས་ཅད་བུ་ཡིད་དུ་འོང་བ་ལྟར་གཅེས་ལ་ཕངས་པའི་རྣམ་པ་ཅན་དུ་འཆར་བའི་ཡིད་འོང་གི་བྱམས་པ་བསྐྱེད་དགོས། དེ་ལྟ་བུའི་བྱམས་པའང༌། ད་ལྟ་གཉེན་ལ་ཡིད་འོང་སྐྱེ་ཞིང༌། དགྲ་ལ་མི་སྐྱེ་བས། སེམས་ཅན་ཐམས་ཅད་གཉེན་དུ་བལྟ་བ་སྔོན་དུ་འགྲོ་དགོས་ཤིང༌། གཉེན་གྱི་མཐར་ཐུག་ཀྱང་ཨ་མ་ཉིད་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་མར་བསྒྲུབས་ནས་དྲིན་དྲན་པ་དང༌། དྲིན་གཟོ་བ་བྱུང་ན་གཅེས་ལ་ཕངས་པའི་བྱམས་པའང་འབྱུང་ངོ༌།།དེས་ན་རྒྱུ་འབྲས་ཞེས་པའང་ཕྱི་མ་ཕྱི་མ་སྐྱེ་བ་ལ། སྔ་མ་སྔ་མ་སྔོན་དུ་འགྲོ་བ་ཞིག་དགོས། འདི་ལ་བློ་སྣ་ཐུང་ངུས་ལམ་ཐག་རིང་མོ་ཞིག་ཏུ་མི་སེམས་པར་རིམ་གྱིས་སྦྱངས་ན་ངེས་པར་སྐྱེ་ནུས་ཏེ། སྤྱིར་བཀའ་གདམས་ཀྱི་མན་ངག་ཟབ་ཅིང༌། ལྷག་པར་འཇམ་མགོན་ཙོང་ཁ་པ་ཆེན་པོའ་ིབསྟན་པ་འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ཆབ་དྲོན་མོ་ལྟར་མདོ་སྔགས་གང་ལའང་ཆ་ཚང་ཞིང་དྲི་མ་དང་བྲལ་ལ། སྔ་མ་དག་ལས་ཀྱང་ཆེས་ཆེར་ཟབ་ཏུ་སོང་བ་ཡིན་པས། བདག་གི་སྐྱབས་མགོན་བླ་མ་རིན་པོ་ཆེས། བོད་སྔ་རབས་ཀྱི་བསྟན་པ་རྣམས་རྗེ་བླ་མའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ལྟར་འབྱུང་རྒྱུའི་གྲ་སྒྲིགས་ཀྱི་ཚུལ་དུ་བྱུང་བ་ཡིན་གསུང༌། བློ་གཟུ་བོར་གནས་ན། སྟག་ཚང་ལོ་ཙཱ་བས། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་བསྟོད། །ཅེས་དང༌། རྫོགས་ཆེན་དཔལ་དགེའི་གསུང་ལས། མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ། །ཞེས་པ་ལྟ་བུ་དོན་ལ་གནས་པའི་བསྔགས་བརྗོད་ཡིན། གཞན་དུ་ན། སངས་རྒྱས་སྦར་བཅང་ཟེར་བའི་ཁ་བོ་ཆེའི་ཆོས་ཡོད་ཀྱང་དེས་ཚོགས་ལམ་ཆུང་ངུའང་སྦར་བཅངས་སུ་གཏོད་དཀའ། ལམ་རིམ་འདི་ལ་བརྟེན་ན་སངས་རྒྱས་སྦར་བཅངས་སུ་འབྱུང༌། དེ་ཡང་ལམ་གྱི་གོ་རིམ་ལྟར་མ་སྦྱངས་ན་མི་སྐྱེ་བས་དེའི་ཕྱིར་འདིར། དང་པོ་མར་ཤེས་ནས་སྦྱང་བ་ཡིན། འདི་ལ་ནན་ཏན་མི་བྱེད་པ་ནི། གང་དག་བདེ་བ་འདོད་པས་སྡིག་པ་སྒྲུབ་ན་གོ་ལོག་ཏུ་སོང་བ་ལྟར། འདོད་པ་སངས་རྒྱས་ཀྱི་གོ་འཕང་འདོད་ལ༑ སེམས་འདི་སྦྱོང་བ་ལ་མི་འབད་ན་ལག་ལེན་གོ་ལྡོག་པ་ཡིན་པས།གསང་སྔགས་ཀྱི་མྱུར་ལམ་ལ་བརྩོན་ཀྱང༌། གཙང་དུ་འགྲོ་དགོས་པའི་མི་ཞིག་རྟ་ལྟ་བུར་ཞོན་ནས་སོང་སོང་སྟེ་མཐར་གཙང་དུ་སླེབས་སོ་སྙམ་ཙ་ན་གཙང་དུ་མ་སླེབས་པར་ཀོང་པོ་རོང་དུ་སླེབས་པ་ལྟར་འགྱུར་བས་བྱང་ཆུབ་ཀྱི་སེམས་སྦྱོང་ཐབས་ལ་འབད་དགོས། མར་ཤེས་སྐྱེ་བ་ལའང་དཔེར་ན།རི་མོ་བྲི་བ་ལ་གཞི་ཞལ་བ་འཇམ་པོར་ཁོད་མ་སྙོམས་ན་མི་འོང་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སེམས་མ་སྙོམས་ན། བྱམས་སྙིང་རྗེ་སོགས་གང་བསྒོམས་ཀྱང༌། ཕྱོགས་རིས་ཅན་ལས་མི་སྐྱེ་བས། དང་པོར་བཏང་སྙོམས་ཚད་མེད་བསྐྱེད་དགོས་སོ།།

Friday, 24 April 2015

ཐེག་ཆེན་གྱི་གདམས་ངག འཕགས་པའི་བདེན་པ་བཞི་བཤད་པ་ལས། གསུམ་པ་རྩོད་པ་སྤོང་བ།

གསུམ་པ་རྩོད་པ་སྤོང་བ།

ཁ་ཅིག རང་རྒྱལ་གྱི་རྒྱུད་ཀྱི་འགོག་བདེན་ཡིན་ན། རང་རྒྱལ་གྱི་འགོག་བདེན་ཡིན་དགོས་པར་ཐལ། ཉན་ཐོས་ལ་དེའི་ཕྱིར། ཟེར་ན།

མ་ཁྱབ་སྟེ། ཉན་ཐོས་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་རང་རྒྱལ་ཚོགས་ལམ་པའི་རྒྱུད་ཀྱི་འགོག་བདེན་རང་རྒྱལ་གྱི་འགོག་བདེན་མ་ཡིན་པའི་ཕྱིར། དེར་ཐལ། རང་རྒྱལ་གྱི་འགོག་བདེན་ཐོབ་པ་ལ་རང་རྒྱལ་གྱི་ལམ་བདེན་ཐོབ་པ་སྔོན་དོ་འགྲོ་དགོས་པ་གང་ཞིག །དེས་རང་རྒྱལ་གྱི་ལམ་བདེན་མ་ཐོབ་པའི་ཕྱིར། ཕྱི་མ་དེར་ཐལ། དེས་དེའི་འཕགས་ལམ་མ་ཐོབ་པའི་ཕྱིར་རོ།

ཡང་ཁ་ཅིག ལས་ཉོན་གྱི་ཀུན་འབྱུང་གཉིས་མི་འགལ་བར་ཐལ། ལས་ཉོན་གཉིས་མི་འགལ་བའི་ཕྱིར། དེར་ཐལ། དེའི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་ལྟ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་མི་དགེ་བའི་ལས་ཡིན་པའི་ཕྱིར། ་དེར་ཐལ། དེ་ཡིད་ཀྱི་མི་དགེ་བའི་ལས་ཡིན་པའི་ཕྱིར། དེར་ཐལ། མི་དགེ་བ་བཅུའི་ལས་ཡོད་པའི་ཕྱིར་ཏེ། དེའི་ལས་ལམ་ཡོད་པའི་ཕྱིར། ཟེར་ན།

མ་ཁྱབ་སྟེ། དེ་གཉིས་དོན་མི་གཅིག་པའི་ཕྱིར། དེར་ཐལ། ཡིད་ཀྱི་གསུམ་དེའི་ལས་ལམ་ཡིན་ལ། ལམ་མ་ཡིན་ཞིང་། ལུས་ངག་གི་བདེན་པོ་དེའི་ལས་དང་ལས་ལམ་གཉིས་ཀ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། མཛོད་ལས།
གསུམ་ལམ་བདུན་ནི་ལས་ཀྱང་ཡིན། 
ཞེས་གསུངས་པའི་ཕྱིར། 

Thursday, 23 April 2015

ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་ཕན་ཡོན་ནང་ནས། འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ། ཁ།

________________________________________________

སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།
  1. ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
  2. རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
  3. ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
  4. མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
  5. ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
  6. སྡིག་སྒྲིབ་མྱུར་དུ་སྦྱང་བ།
  7. ཅི་བསམ་པ་འགྲུབ་པ།
  8. གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
  9. ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
  10. འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
________________________________________________


ཇོ་བོ་རྒྱ་བོད་གཉིས་ཀར་འཕྲིན་ལས་དར་རྒྱས་ཆེ་བ་ཡང་བཤེས་གཉེན་བསྟེན་ཚུལ་དང་། བྱང་ཆུབ་ཀྱི་སེམས་ཀྱི་མཐུ་ལས་བྱུང་།བཀའ་གདམས་གོང་མའི་ཞལ་ནས།སེམས་འདི་མེད་ན་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་གོ་བའི་ཏིང་ངེ་འཛིན་ཡོད་ཀྱང་གར་ཡང་མི་ཕྱིན་ཞེས་དང་། བླ་མ་རཱ་ཧུ་ལ་གུཔྟས་ཀྱང་། ཡི་དམ་གྱི་ལྷའི་ཞལ་མཐོང་བ་དང་། མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་སྙིང་རྗེ་སྒོམས་གསུངས། གཞན་ཡང་མདོ་ལས་བྱང་ཆུབ་ཀྱི་སེམས་ནི་འཁོར་བསྒྱུར་གྱི་འཁོར་ལོ་རིན་པོ་ཆེ་དང་། སྐྱེས་བུའི་སྲོག་གི་དབང་པོ་དང་། ལག་པ་དང་ཡང་འདྲ་བར་གསུངས་པ་དང་། རྒྱུད་བླ་མ་ལས།
ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །
སངས་རྒྱས་ཆོས་བསྐྱེད་མ་དང་། །
ཞེས་གསུངས་པ་ལྟར། དཔེར་ན། ཕ་ནི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་དང་། མ་ནི་ཐུན་མོང་བའི་རྒྱུ་ཡིན་པ་ལྟར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་བྱང་ཆུབ་གསུམ་གའི་ཐུན་མོང་བའི་རྒྱུ་ཡིན་པས་ཤེས་རབ་སྟོང་ཉིད་ནི་ཐེག་པ་ཆེ་ཆུང་གང་དང་ཕྲད་ཀྱང་དེའི་བྱང་ཆུབ་ཀྱི་རྒྱུར་འགྲོ། དེས་ན་བྱང་ཆུབ་ཀྱི་སེམས་མེད་པའི་ཕྱག་རྫོགས་དང་། རིམ་གཉིས་བསྒོམ་པ། ལྷ་ཚོགས་མང་པོའ་ིཞལ་མཐོང་བ་སོགས་ལས་ཀྱང་བྱང་ཆུབ་ཀྱི་སེམས་ལ་གོ་བ་ཙམ་ཆགས་པ་མ་འོངས་པ་ན་འཚང་རྒྱ་བ་ལ་མྱུར་བས་དེ་གལ་ཆེ་བ་ཡིན། བསྟན་པ་འདིའི་དམ་ཆོས་ཐམས་ཅད་མཁྱེན་ཅིང་གྲུབ་པའི་ཇོ་བོ་ཆེན་པོའ་ིགསུང་གི་མཐིལ་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམས་གསུངས་འདུག་ན།ལྷ་བསྒོམ་སྔགས་བཟླས་ཙམ་ལ་མི་རེ་བར་འདི་ལ་བརྩོན་པར་མཛད་དགོས། དེ་འདྲ་བའི་ཆོས་ཀྱི་སྙིང་པོ་འདི་རྒྱུད་ལ་སྐྱེ་བའི་དོན་དུ་དཀའ་བ་སྤྱད་དེ། འདི་ལ་བརྩོན་ནའང་བརྩོན་རིན་ཆོག་པ་ཡིན་ཞིང་བསྒོམ་ན་མི་སྐྱེ་བའང་མིན་ཏེ་འདུས་བྱས་སོ་ན་མི་གནས་པས་ངེས་པར་སྐྱེ་ལ། དེ་ཡང་ཇོ་བོ་ཆེན་པོ་མ་བྱོན་གོང་བོད་དུ་སེམས་བསྐྱེད་མཆོད་པའི་ཆོ་ག་འབོགས་ནས། ཆོ་གའི་འགོར། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཞེས་བརྗོད་པ་ཙམ་གྱིས་བྱང་སེམས་ཀྱི་གོ་ཆོད་པ་བྱེད་མཁན་བྱུང་ཡང་། བྱང་སེམས་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བློ་སྦྱངས་དགོས་པ་ལས། བློ་མ་སྦྱངས་པར་སོ་ཐར་གྱི་སྡོམ་པ་འབོགས་པ་ལྟར་བྱས་པས་སེམས་སྐྱེ་བ་ལྟ་ཅི། དེ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་ངོ་ཤེས་པའང་དཀའ་སྟེ། སྔོན་ཇོ་བོ་ཆེན་པོས་བོད་པ་རྣམས་ལ།བྱམས་པ་དང་སྙིང་རྗེ་ངོས་འཛིན་མི་ཤེས་པའི་བྱང་ཆུབ་སེམས་དཔའ་བོད་ཀྱིས་ཤེས་པར་འདུག་ཅེས་མི་མཉེས་པའི་ཚུལ་གསུངས། འོ་ན་གང་དགོས་ཞུས་པས། རིམ་ཅན་དུ་སྦྱངས་པ་ཡིན་མོད་གསུངས། དེས་ན་རང་རེས་ཀྱང་སྙིང་རྗེ་ཆེན་པོ་ལ་མྱོང་བ་མ་ཐོན་པར་བྱང་ཆུབ་ཀྱི་སེམས་སྐྱེ་ཐབས་མེད་པས་བློ་རིམ་གྱིས་སྦྱངས་པ་དགོས་གསུངས། 

Wednesday, 22 April 2015

ཐེག་ཆེན་གྱི་གདམས་ངག འཕགས་པའི་བདེན་པ་བཞི་བཤད་པ་ལས། རང་ལུགས།

གཉིས་པ་རང་ལུགས་ནི།

རང་རྒྱུ་ཀུན་འབྱུང་ལས་བྱུང་བའི་འཁོར་བའི་བསྡུས་པའི་ཟག་བཅས་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། དེ་ལ་རྟེན་གྱི་སྒོ་ནས་དབྱེ་ན། མ་དག་པའི་སྣོད་བཅུད་གཉིད། ངོ་བོའོ་སྒོ་ནས་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ།

རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་ཀྱི་འཁོར་བའི་བསྡུས་པ། ཀུན་བྱུང་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན་ཉོན་མོངས་པའི་ཀུན་འབྱུང་དང་། ལས་ཀྱི་ཀུན་འབྱུང་གཉིས།

རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྒྲིབ་པ་སྤངས་པའི་བྲལ་བ་དེ། འགོག་བདེན་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐེག་པ་གསུམ་གྱི་འགོག་བདེན།

རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་ཐོབ་བྱེད་ཀྱི་འཕགས་རྒྱུད་ཀྱི་མངོན་རྟོགས། རང་ཉིད་ལམ་བདེན་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན། ཐེག་པ་གསུམ་གྱི་མཐོང་སྒོམ་མི་སློབ་པའི་ལམ་གསུམ་དུ་ཡོད་དོ། །

Tuesday, 21 April 2015

ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་ཕན་ཡོན་ནང་ནས། ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ་དང་། འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།

________________________________________________

སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།
  1. ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
  2. རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
  3. ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
  4. མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
  5. ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
  6. སྡིག་སྒྲིབ་མྱུར་དུ་སྦྱང་བ།
  7. ཅི་བསམ་པ་འགྲུབ་པ།
  8. གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
  9. ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
  10. འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
________________________________________________


དགུ་པ་ནི། བྱང་ཆུབ་ཀྱི་སེམས་མེད་པར་སྟོང་ཉིད་ཀྱི་ལྟ་བ་རྐྱང་པས་ཡེ་ཤེས་ལས་བསོད་ནམས་ཀྱི་ཚོགས་རྫོགས་མི་ནུས་ལ། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བ་ནི། གཙོ་བོར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་མཐུ་ལས་བྱུང་བ་ཡིན། སེམས་འདི་ཡོད་ན་གསང་སྔགས་ཀྱིས་ཚེ་གཅིག་ལ་འཚང་རྒྱ་བར་ནུས་ཀྱང་། འདི་མེད་ན་སྔགས་ཀྱིས་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུའང་འཐོབ་མི་ནུས། མདོར་ན་དགེ་ཆོས་ཐམས་ཅད་སྐྱེད་པའི་རྩ་བ་བྱང་ཆུབ་ཀྱི་སེམས་འདི་ཡོད་པས་ནི་བྱ་རོག་ལ་ཟས་ཁམ་གཅིག་བྱིན་པ་ཚུན་གྱི་དགེ་བ་ཀུན་སངས་རྒྱས་ཀྱི་གོ་འཕང་གི་རྒྱུ་ཁོ་ནར་བསྒྱུར་ནུས་པས། ས་ལམ་མྱུར་དུ་རྫོགས་པ་འོང་གསུངས། 
 བཅུ་པ་ནི། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །ཞེས་སོགས་ལྟར། འཇིག་རྟེན་འདིའི་བདེ་སྐྱིད། ཉན་རང་། འཁོར་བསྒྱུར་སོགས་ཐམས་ཅད་སངས་རྒྱས་ཀྱི་མཐུས་བྱུང་བ་ཡིན་ལ། སངས་རྒྱས་ནི་བྱང་ཆུབ་སེམས་དཔའ་ལས་འཁྲུངས། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་ལས་འབྱུང་བས་ན། འགྲོ་བའི་བདེ་སྐྱིད་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཞིང་། དེར་མ་ཟད་ཆོས་ཀྱི་ཕུང་པོ་ཐམས་ཅད་ཀྱི་སྙིང་པོ། རྒྱལ་སྲས་དམ་པ་རྣམས་ཀྱི་ཐུགས་དམ་གྱི་མཐིལ། གང་གི་མཐུས་གསང་སྔགས་ལ་ཁྱད་ཐོན་པར་བྱེད་པའང་སེམས་འདི་ཡིན། དགེ་བཤེས་སྟོན་པས་མི་ཞིག་ལ་སྐུ་མཆེད་གསུམ་གྱི་ལོ་རྒྱུས་དྲིས་པར། སོ་སོའ་ིཚུལ་ཞུས་པས།ངོ་མཚར་ཆེ།དེ་ཡང་གཅིག་ཡིན་གསུངས།ཁམས་པ་ལུང་པའི་གནས་ཚུལ། ཁོང་གྲོག་པོའ་ིཁར་བཞུགས་ནས་རེས་སྤྱན་ཟིམ་མེ་བ་དང་། རེས་བཤུམ་པ་འབའ་ཞིག་མཛད་ནས་བཞུགས་འདུག་ཞུས་པས་ཕྱག་ཐལ་མོ་སྦྱར། ཆོས་བྱ་བ་ཁོང་གིས་བྱས་འདུག་གསུངས་ཏེ། བསྔགས་པ་མཛད་ཚུལ།དེས་ན་སྤྱོད་འཇུག་ལས།དམ་ཆོས་འོ་མ་བསྲུབས་པ་ལས།།མར་གྱི་ཉིང་ཁུ་བྱུང་བ་ཡིན། །ཞེས་པ་ལྟར་ཆོས་ཀུན་གྱི་སྙིང་པོའ་ིཡང་སྙིང་ལྟ་བུ་ནི་བྱང་ཆུབ་ཀྱི་སེམས་འདི་ཡིན་པས། ཐམས་ཅད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་འདི་བསྐྱེད་ཐབས་ལ་གཞོལ་བར་ཞུ་ཞིང་། ཐེག་ཆེན་གྱི་བསྟན་པ་ཡོད་མེད་ཀྱང་བྱང་ཆུབ་ཀྱི་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས། ཐམས་ཅད་ཀྱི་ཆོས་ཟབ་ཟབ་མོ་ཡིན་ཟེར་བ་གཞན་རྣམས་རེ་ཞིག་བཞག་ནས།འདི་ལ་ནན་ཏན་མཛད་དགོས། འདི་ལྟ་བུའི་གནད་མ་ཤེས་པར་ས་དགེ་བཀའ་རྙིང་གི་ཆོས་པ་མང་པོས་འཚང་རྒྱ་བར་འདོད་ཀྱང་བྱང་ཆུབ་ཀྱི་སེམས་མི་དགོས་པར་གསང་སྔགས་ཀྱི་རིམ་གཉིས་བསྒོམ་སྟེ་ལམ་མྱུར་མོར་བགྲོད་དུ་རེ་བ་ནི། འཇིག་རྟེན་ཁྱིམ་པའི་ཁ་སྐད་དུ། སྐེ་འདོད་ལ་ལྦ་བ་མི་འདོད་ཟེར་བ་དང་འདྲ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པར་སངས་རྒྱས་པ་མེད་པས།བྱང་ཆུབ་ཀྱི་སེམས་མི་དགོས་པའི་སངས་རྒྱས་ཤིག་ཡོད་ན་སྔར་མ་གྲགས་པ་ཞིག་འོང་ཉེན་ཡོད། དེའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་ཞིག་འདོད་ཕྱིན་ཆད་བྱང་སེམས་འདི་མེད་ན་མི་འབྱུང་ཞིང་། འདི་དང་བྲལ་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རེ་བ་བྲལ་བ་ཡིན་པས་འདི་ལ་ནན་ཏན་བྱེད་དགོས། རེ་སྒོ་ཨ་ཙ་རས་རྗེ་སྒྲུབ་ཁང་པ་ལ། ཁྱེད་འོངས་པ་ན་བྱང་ཆུབ་ཀྱི་སེམས་ཀྱི་གཏམ་སྟོད་ཁོག་ཡངས་སེང་ངེ་བ་རེ་བྱེད་དུ་ཡོད། གཞན་དེང་སང་གི་མི་ལ་གཏམ་དེ་ཤོད་ས་མེད་གསུང་། དེ་བཞིན་དུ་རང་རེ་ཁ་ཅིག་གིས་བྱང་ཆུབ་ཀྱི་སེམས་དེ་དཀའ་བས་མི་སྐྱེ་ཟེར་ནས་ཡར་ཕུད། ཁ་ཅིག་དེ་ཐེག་ཆེན་ཐུན་མོང་བའི་ཡིན། དེ་བས་ཟབ་པ་རིམ་གཉིས་སོགས་བསྒོམ་ཟེར་ཏེ་མར་ཕུད་ནས་དོན་དུ་ཉམས་ལེན་བྱེད་མཁན་ཉུང་། དེ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རྒྱ་མཚོར་མི་བཙལ་བར་བ་གླང་གི་རྨིག་རྗེས་ཀྱི་ཆུ་ལས་ཚོལ་བ་དང་འདྲ། རྗེ་བླ་མས་ཀྱང་། དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས།།རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། །ཅེས་ཐུགས་དམ་གྱི་མཐིལ་དུ་བསྔགས་པ་བྱང་སེམས་འདི་ཁོ་ན་ཡིན། དེང་སང་ཁ་ཅིག་ཐུགས་དམ་གྱི་མཐིལ་ལྷ་རེ་ལ་བྱེད་ཟེར། ཁ་ཅིག་རྒྱ་ནག་སྐག་ཟློག་དང་། ཁ་མཆུ་ནག་པོ་ཞི་བྱེད་ཀྱི་གཟུངས་སོགས་ལ་བྱེད་ཟེར་ཏེ། བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྐལ་བ་མེད་ན་སངས་རྒྱས་འཐོབ་དུས་མི་འོང་། ཇོ་བོས་གསེར་གླིང་པ་བླ་མ་རྣམས་ཀྱི་མཆོག་ཏུ་འཛིན་པ་དང་། ཕྱག་བསྙུང་སྐབས་འབྲོམ་ལ་ཁྱོད་སེམས་བཟང་བས་འདི་ལ་བྱིན་རླབས་གྱིས་གསུངས་པ་བྱང་ཆུབ་ཀྱི་སེམས་ལ་བསྔགས་བརྗོད་མཛད་པ་ཡིན། བླ་མ་དྷརྨ་རཀྵི་ཏ་དང་པོར་བྱེ་སྨྲའི་ལྟ་བ་འཛིན་ཀྱང་། བྱང་སེམས་ཀྱི་སྟོབས་ཀྱིས་མཐར་དབུ་མ་པར་གྱུར་ཚུལ། ཇོ་བོ་རྒྱ་བོད་གཉིས་ཀར་འཕྲིན་ལས་དར་རྒྱས་ཆེ་བ་ཡང་བཤེས་གཉེན་བསྟེན་ཚུལ་དང་། བྱང་ཆུབ་ཀྱི་སེམས་ཀྱི་མཐུ་ལས་བྱུང་།བཀའ་གདམས་གོང་མའི་ཞལ་ནས།སེམས་འདི་མེད་ན་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་གོ་བའི་ཏིང་ངེ་འཛིན་ཡོད་ཀྱང་གར་ཡང་མི་ཕྱིན་ཞེས་དང་། བླ་མ་རཱ་ཧུ་ལ་གུཔྟས་ཀྱང་། ཡི་དམ་གྱི་ལྷའི་ཞལ་མཐོང་བ་དང་། མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་སྙིང་རྗེ་སྒོམས་གསུངས། གཞན་ཡང་མདོ་ལས་བྱང་ཆུབ་ཀྱི་སེམས་ནི་འཁོར་བསྒྱུར་གྱི་འཁོར་ལོ་རིན་པོ་ཆེ་དང་། སྐྱེས་བུའི་སྲོག་གི་དབང་པོ་དང་། ལག་པ་དང་ཡང་འདྲ་བར་གསུངས་པ་དང་།རྒྱུད་བླ་མ་ལས།ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་། ཞེས་གསུངས་པ་ལྟར། དཔེར་ན། ཕ་ནི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་དང་། མ་ནི་ཐུན་མོང་བའི་རྒྱུ་ཡིན་པ་ལྟར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་བྱང་ཆུབ་གསུམ་གའི་ཐུན་མོང་བའི་རྒྱུ་ཡིན་པས་ཤེས་རབ་སྟོང་ཉིད་ནི་ཐེག་པ་ཆེ་ཆུང་གང་དང་ཕྲད་ཀྱང་དེའི་བྱང་ཆུབ་ཀྱི་རྒྱུར་འགྲོ། དེས་ན་བྱང་ཆུབ་ཀྱི་སེམས་མེད་པའི་ཕྱག་རྫོགས་དང་། རིམ་གཉིས་བསྒོམ་པ། ལྷ་ཚོགས་མང་པོའ་ིཞལ་མཐོང་བ་སོགས་ལས་ཀྱང་བྱང་ཆུབ་ཀྱི་སེམས་ལ་གོ་བ་ཙམ་ཆགས་པ་མ་འོངས་པ་ན་འཚང་རྒྱ་བ་ལ་མྱུར་བས་དེ་གལ་ཆེ་བ་ཡིན། བསྟན་པ་འདིའི་དམ་ཆོས་ཐམས་ཅད་མཁྱེན་ཅིང་གྲུབ་པའི་ཇོ་བོ་ཆེན་པོའ་ིགསུང་གི་མཐིལ་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམས་གསུངས་འདུག་ན།ལྷ་བསྒོམ་སྔགས་བཟླས་ཙམ་ལ་མི་རེ་བར་འདི་ལ་བརྩོན་པར་མཛད་དགོས། དེ་འདྲ་བའི་ཆོས་ཀྱི་སྙིང་པོ་འདི་རྒྱུད་ལ་སྐྱེ་བའི་དོན་དུ་དཀའ་བ་སྤྱད་དེ། འདི་ལ་བརྩོན་ནའང་བརྩོན་རིན་ཆོག་པ་ཡིན་ཞིང་བསྒོམ་ན་མི་སྐྱེ་བའང་མིན་ཏེ་འདུས་བྱས་སོ་ན་མི་གནས་པས་ངེས་པར་སྐྱེ་ལ། དེ་ཡང་ཇོ་བོ་ཆེན་པོ་མ་བྱོན་གོང་བོད་དུ་སེམས་བསྐྱེད་མཆོད་པའི་ཆོ་ག་འབོགས་ནས། ཆོ་གའི་འགོར། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཞེས་བརྗོད་པ་ཙམ་གྱིས་བྱང་སེམས་ཀྱི་གོ་ཆོད་པ་བྱེད་མཁན་བྱུང་ཡང་། བྱང་སེམས་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བློ་སྦྱངས་དགོས་པ་ལས། བློ་མ་སྦྱངས་པར་སོ་ཐར་གྱི་སྡོམ་པ་འབོགས་པ་ལྟར་བྱས་པས་སེམས་སྐྱེ་བ་ལྟ་ཅི། དེ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་ངོ་ཤེས་པའང་དཀའ་སྟེ།སྔོན་ཇོ་བོ་ཆེན་པོས་བོད་པ་རྣམས་ལ།བྱམས་པ་དང་སྙིང་རྗེ་ངོས་འཛིན་མི་ཤེས་པའི་བྱང་ཆུབ་སེམས་དཔའ་བོད་ཀྱིས་ཤེས་པར་འདུག་ཅེས་མི་མཉེས་པའི་ཚུལ་གསུངས།འོ་ན་གང་དགོས་ཞུས་པས། རིམ་ཅན་དུ་སྦྱངས་པ་ཡིན་མོད་གསུངས།

Monday, 20 April 2015

ཐེག་ཆེན་གྱི་གདམས་ངག འཕགས་པའི་བདེན་པ་བཞི་བཤད་པ་ལས། སྡུག་བདེན་ལ་འདོམས་མཐའ་དཔྱད་པ། གཞན་ལུགས་དགག་པ། ཆ།

ཁ་ཅིག
  • ཟག་བཅས་ཀྱི་ཕུང་པོ་ཡིན་ན་སྡུག་བསྔལ་བདེན་པ་ཡིན་པས་ཁྱབ། ཟེར་ན།
བདེ་བ་ཅན་གྱི་སོ་སྐྱེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཀུན་ལས་བཏུས་པ་ལས།
ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་བལྟ་སྟེ། དེ་དག་ནི་ལས་དང་ཉོན་མོངས་པས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མ་ཡིན་གྱི། སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་བྱུང་བ་དག་གོ 
ཞེས་གསུངས་པའི་ཕྱིར།

ཁ་ཅིག
  • འགོག་བདེན་ཡིན་ན་འགོག་པ་ཡིན་པས་ཁྱབ། ཟེར་ན།
མི་འཐད་པར་ཐལ། འགོག་པ་ལ་དབྱེ་ན། སོ་སོར་བརྟགས་འགོག་དང་སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་ཡོད་པའི་ཕྱིར།

གཞན་ཡང་།
  • ལམ་ཡིན་ན་ལམ་བདེན་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར།
འདོད་ན། ཉན་ཐོས་ཀྱི་ཚོགས་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སོ་སྐྱེའི་ལམ་ཡིན་པའི་ཕྱིར།

Sunday, 19 April 2015

ཕར་ཕྱིན་དང་སྔགས་ཀྱི་ལམ་ལ་གཞན་ལུགས་ཀྱིས་བཤད་པའི་ཁྱེད་པར།

_____________________________________

    • ཁ། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པ།
      • དངོས་ཀྱི་དོན་བཤད་པ།
      • ལམ་གྱི་ཁྱད་པར་ཉིད་བཤད་པ།
        • རང་གི་ལུགས་ཀྱི་ཁྱད་པར།
          • རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱི་ཐེག་པའི་མྱུར་ཁྱད།
          • བླ་མེད་ཀྱི་མྱུར་ཁྱད།
        • སློབ་དཔོན་གཞན་གིས་བཤད་པའི་ཁྱད་པར།
          • སྡོམ་འབྱུང་འགྲེལ་པ་ལས་བཤད་པའི་ཚུལ།
          • ཚུལ་གསུམ་སྒྲོན་མེ་ལས་བཤད་པའི་ཚུལ།
    • མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༣༧ ནས།
    • _____________________________________

      གཉིས་པ་སློབ་དཔོན་གཞན་གྱིས་བཤད་པའི་ཁྱད་པར་ལ་གཉིས། 
      • སྡོམ་འབྱུང་འགྲེལ་པ་ལས་བཤད་པའི་ཚུལ་དང་། 
      • ཚུལ་གསུམ་སྒྲོན་མེ་ལས་བཤད་པའི་ཚུལ་ལོ། ། 

      དང་པོ་སྡོམ་འབྱུང་འགྲེལ་པ་ལས་བཤད་པའི་ཚུལ་ནི། 
      རངྣ་རཀྵི་ཏས་རྫོགས་རིམ་གྱི་སྐབས་སུ་སྤྲོས་བྲལ་སྒོམ་པ་ནི་གཉིས་ཀ་ལ་འདྲ་བ་དང་། ཡབ་སྲས་མཇལ་བ་ལས་ཆོས་ཐམས་ཅད་བདེ་བས་ཁྱབ་པའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་དམིགས་པ་ཐམས་ཅད་ལ་ཚོར་བ་བདེ་བ་ཁོ་ན་འབྱུང་གི་སྡུག་བསྔལ་དང་བཏང་སྙོམས་མི་འབྱུང་བ་དང་། ཀརྵ་པ་ནའི་ཚད་ཙམ་དུ་བཅད་ཅིང་གཏུབས་པ་དང་གླང་པོ་རྣམས་ཀྱིས་བརྫིས་པ་ལ་ཡང་བདེ་བའི་འདུ་ཤེས་ཁོ་ན་འཇུག་པར་གསུངས་པ་དང་། བདེ་བ་དེ་ཡང་སྔགས་ཀྱི་ཐེག་པ་དང་མི་མཐུན་པ་མ་ཡིན་ཞིང་དེའི་ཐབས་ཀྱང་གསུངས་ཏེ། འཇིག་རྟེན་ལས་འདས་མ་འདས་ཀྱི་ཕུན་ཚོགས་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་སུ་ཕར་ཕྱིན་ནས་གསུངས་ལ། དེ་བཞིན་དུ་སྔགས་སུ་ཡང་བསྟན་ཏོ་ཞེས་སྣང་བ་རྡོ་རྗེར་འཆར་བ་སོགས་ཁུངས་སུ་དྲངས་ནས་བདེ་བ་ཆེན་པོ་ཡང་ཐུན་མོང་བར་བསྒྲུབས་སོ། །མངོན་རྟོགས་རྒྱན་ལས། འདོད་ལ་སྤྱོད་ལ་ཐབས་མཁས་དང་། །ཞེས་དང་། འོད་སྲུངས་ཀྱི་ལེའུ་ལས་ཞིང་པའི་དཔེས་ཉོན་མོངས་པའི་ལུད་སངས་རྒྱས་ཀྱི་ཆོས་སྐྱེད་པ་ལ་ཉེ་བར་མཁོ་བར་གསུངས་པས་འདོད་ཡོན་ལ་སྤྱོད་པ་ཡང་ཐུན་མོང་ངོ་། །འབྲས་བུའི་ས་ལ་སོགས་པ་ཡང་མཚུངས་པས་ན་བསྐྱེད་རིམ་ཉིད་སྔགས་ཀྱི་ཁྱད་ཆོས་སུ་བཤད་དེ། སྡོམ་འབྱུང་གི་བཅུ་གསུམ་པའི་འགྲེལ་པ་ལས། དེའི་ཕྱིར་བསྐྱེད་པའི་རིམ་པ་སྒོམ་པ་མེད་ན་སྔགས་ཀྱི་ཚུལ་ལས་ཁྱད་པར་མེད་པ་ཁོ་ནའོ། །ཞེས་གསུངས་ཏེ། འདིས་ལྷའི་རྣལ་འབྱོར་སྒོམ་པ་ཐམས་ཅད་བསྐྱེད་རིམ་དུ་བསྡུས་ཤིང་རྩ་རླུང་ཐིག་ལེའི་རྣལ་འབྱོར་རྣམས་བདེ་བ་སྐྱེད་པའི་རྣལ་འབྱོར་ཡིན་ལ་བདེ་བ་ཡང་འདྲ་བས་སོ་སྙམ་དུ་བསམས་སོ། ། 

      གཉིས་པ་ཚུལ་གསུམ་སྒྲོན་མེ་ལས་བཤད་པའི་ཚུལ་ནི། 

      དོན་གཅིག་ན་ཡང་མ་རྨོངས་དང་། །
      ཐབས་མངདཀའ་བ་མེད་པ་དང་། །
      དབང་པོ་རྣོན་པོའ་ིདབང་བྱས་པས། །
      སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །

      ཞེས་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕར་ཕྱིན་གཉིས་ལ་ཁྱད་པར་མེད་མོད་ཀྱི། འོན་ཀྱང་ཁྱད་པར་བཞིས་སྔགས་ཀྱི་རྒྱུད་སྡེ་བཞི་ཕར་ཕྱིན་ལས་ཁྱད་པར་དུ་འཕགས་པར་གསུངས་སོ། །དེ་ལ་མ་རྨོངས་པའི་ཁྱད་པར་ནི། ཕར་ཕྱིན་པ་རྣམས་སྦྱིན་སོགས་ལ་འཇུག་པ་ན་འཁོར་གསུམ་མི་དམིགས་པས་འཇུག་པས་ཤིན་ཏུ་རྨོངས་པ་མིན་ཡང་། མགོ་ལ་སོགས་པ་གཏོང་བ་ཕྱིའི་སྦྱིན་སོགས་ལ་འཇུག་པས་དབང་པོ་ཤིན་ཏུ་མི་རྣོ་བས་ཡུན་རིང་པོས་བྱང་ཆུབ་ཐོབ་པར་བྱེད་དོ། །སྔགས་ཀྱི་སྒོར་སྤྱོད་པ་རྣམས་ལ་རྨོངས་པ་དེ་མེད་དེ། ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་དོན་ཅིག་ཅར་དུ་རྫོགས་པར་བྱེད་ནུས་པ་ཡིན་ལ། མགོ་གཏོང་བ་སོགས་ཀྱིས་ནི་སེམས་ཅན་མཐའ་ཡས་པ་གསོ་མི་ནུས་པས། དེ་ནི་ཏིང་ངེ་འཛིན་གྱི་འབྲས་བུར་མཐོང་སྟེ་ཐ་མལ་པའི་ཐབས་དེ་ལ་སྨད་ནས་ཐབས་ཀྱི་མཆོག་ཚོལ་བར་བྱེད་དེ། དེ་ཡང་ཐབས་ཤེས་གཉིས་མེད་ཀྱི་ཏིང་ངེ་འཛིན་དེ་ཕྱོགས་ཆད་པ་མེད་པ་དང་། རྒྱུན་མི་འཆད་པར་གོམས་པར་བྱས་པས་སེམས་ཅན་མཐའ་ཡས་པའི་འདོད་དོན་རྫོགས་པར་བྱེད་ནུས་པས་སྦྱིན་པའི་ཕར་ཕྱིན་རྫོགས་ལ། དེའི་ཚེ་ཕར་ཕྱིན་ལྷག་མ་རྣམས་ཀྱང་རྫོགས་པར་འགྱུར་རོ། །ཐ་མལ་པའི་ལུས་སྦྱིན་པ་སོགས་ལ་དེ་མེད་པས་ཕ་རོལ་ཏུ་ཕྱིན་པར་མི་གཞག་གོ །ཐབས་མང་བའི་ཁྱད་པར་ནི། ཕར་ཕྱིན་ནས་དཀའ་ཐུབ་དང་སྡོམ་པ་དང་བརྟུལ་ཞུགས་ལ་སོགས་པ་མཐོ་རིས་དང་ཐར་པའི་ཐབས་སུ་གསུངས་པ་ནི་ཤིན་ཏུ་ཞི་བའི་ལས་ལ་སྤྱོད་པའི་དབང་དུ་མཛད་པས་ན་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་མི་ནུས་སོ། །སྔགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་རྒྱུད་སྡེ་བཞི་གསུངས་སོ། །སྐབས་འདིར་ཐོག་མར་རང་ཉིད་ཉོན་མོངས་གང་ཆེ་བའི་རིགས་ཤེས་པར་བྱས་ནས་འདོད་ཆགས་སོགས་འོད་དཔག་མེད་སོགས་སུ་བསྐྱེད་ནས་སྔགས་ཟློ་བའི་ཐུགས་ཀྱི་དཀྱིལ་འཁོར་དང་། དབྱངས་གསལ་རྣམས་ལྷར་སྐྱེད་པའི་གསུང་གི་དཀྱིལ་འཁོར་དང་། གཞལ་ཡས་ཁང་རྟེན་བཅས་སྒོམ་པའི་སྐུའི་དཀྱིལ་འཁོར་གསུམ་ལ་འཇུག་པའི་སྒོ་མི་འདྲ་བ་གསུམ་གསུངས་སོ། །དཀའ་བ་མེད་པའི་ཁྱད་པར་ནི། དཀའ་མི་དཀའ་བློ་ལ་བལྟོས་ནས་ཡིན་གྱི་དངོས་པོ་ལ་མ་ངེས་ཏེ། ཁ་ཅིག་ལ་དཀའ་བ་གཞན་ལ་སླ་བ་ཡོད་པའི་ཕྱིར་རོ། །དེས་ན་རང་ཉིད་ཇི་ལྟར་འདོད་པ་དང་མཐུན་པར་བཀྲིར་ཡོད་པ་ནི་བདེ་བས་བདེ་བ་ཐོབ་པར་བྱེད་པས་སྔགས་སུ་ནི་དཀའ་སྤྱོད་མི་སྟོན་ནོ། །དེ་ལ་དབང་པོ་རབ་ཀྱི་རབ་ཆགས་སོགས་ཀྱི་ཉེས་པ་མི་སྤྱོད་པ་རྣམ་རྟོག་ཤས་ཆུང་བ་སྙིང་རྗེ་ཆེ་བ་གཉིས་མེད་ཀྱི་དེ་ཁོ་ན་ཉིད་ལ་བརྩོན་པ་ལ། སྙིང་རྗེ་ཆེན་པོ་དང་རོ་གཅིག་པ་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་མིང་གཞན་ཐབས་ཤེས་ཞེས་བྱ་བའི་ཕྱག་ཆེན་སྟོན་ནོ། །དབང་པོ་བར་མ་ཐ་མལ་པའི་ཡུལ་ལ་སྤྱོད་པ་ལ་རྒྱབ་ཀྱིས་ཕྱོགས་ཀྱང་ཆགས་སོགས་ཀྱི་རྣམ་རྟོག་མ་སྤངས་པ་དོན་དམ་པའི་ཡེ་ཤེས་ཀྱི་རྒྱ་མཚོར་འཇུག་མི་ནུས་པའི་ཕྱིར་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་སྒོམ་པ་གསུངས་ཏེ། དེ་ཡང་དེ་བཞིན་གཤེགས་པ་རིགས་ལྔ་དང་དེ་དག་གི་རིག་པ་སྤྱན་ལ་སོགས་པའི་ལྷ་མོ་སྒོམ་པའོ། ། 

      Friday, 17 April 2015

      ཐེག་ཆེན་གྱི་གདམས་ངག འཕགས་པའི་བདེན་པ་བཞི་བཤད་པ་ལས། སྡུག་བདེན་ལ་འདོམས་མཐའ་དཔྱད་པ། གཞན་ལུགས་དགག་པ། ཅ།

      ཁ་ཅིག
      • རང་འབྲས་རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཀྱི་ཕུང་པོ། ཀུན་འབྱུང་བདེན་པའི་མཚན་ཉིད། ཟེར་ན།
      འདོད་ལྷའི་ཕུང་པོ་འཕེན་བྱེད་ཀྱི་ལས་ཆོས་ཅན། མཚོན་ཉིད་དེར་ཐལ། མཚན་བྱ་དེའི་ཕྱིར། དེར་ཐལ། ལས་ཀྱི་ཀུན་འབྱུང་ཡིན་པའི་ཕྱིར། དེར་ཐལ། འཁོར་བས་བསྡུས་པའི་ལས་ཡིན་པའི་ཕྱིར།་དེར་ཐལ། དེས་བསྡུས་པའི་བསོད་ནམས་ཀྱི་ལས་ཡིན་པའི་ཕྱིར། རྟ་བར་འདོད་མི་ནུས་ཏེ། དགེ་བའི་ལས་ཡིན་པའི་ཕྱིར།

      ཁ་ཅིག
      • ལས་ཡིན་ན་ལས་ཀྱི་ཀུན་འབྱུང་ཡིན་པས་ཁྱབ། ཟེར་ན།
      སྟོན་པ་ཤཱ་ཀྱ་ཐུབ་པའི་ཐུགས་རྒྱུད་ཀྱི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡོན་པའི་ཕྱིར། དེར་ཐལ། གཙོ་བོ་སེམས་ཡིན་ན་རང་གི་འཁོར་དུ་གྱུར་པའི་སེམས་པའི་ལས་ཡོས་པས་ཁྱབ་པའི་ཕྱིར།

      ཡང་ཁ་ཅིག
      • ཀུན་འབྱུང་བདེན་པ་ཡིན་ནླས་ཉོན་གྱི་ཀུན་འབྱུང་གང་རུང་ཡིན་པས་ཁྱབ། ཟེར་ན།
      ཀུན་འབྱུང་བདེན་པར་གྱུར་པའི་གཟུགས་ཕུང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འདུ་བྱེད་ཀྱི་ཕུང་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས།

      ཁ་ཅིག
      • སྡུག་བསྔལ་བདེན་པ་དང་ལམ་བདེན་མི་འགལ། ཟེར་ན།
      ཀུན་ནས་ཉོན་མོངས་ཀྱི་བདེན་པ་དང་། རྣམ་བྱང་གི་བདེན་པའི་གཞི་མཐུན་ཡོད་པར་ཐལ། སྡུག་བདེན་དང་ལམ་བདེན་གྱི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འགྲེལ་ཆེན་ལས། འདི་གཉིས་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར།

      Thursday, 16 April 2015

      ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་ཕན་ཡོན་ནང་ནས། གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།

      ________________________________________________

      སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།
      1. ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
      2. རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
      3. ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
      4. མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
      5. ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
      6. སྡིག་སྒྲིབ་མྱུར་དུ་སྦྱང་བ།
      7. ཅི་བསམ་པ་འགྲུབ་པ།
      8. གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
      9. ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
      10. འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
      ________________________________________________


      བརྒྱད་པ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ལག་ན་རྡོ་རྗེ་དང་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི་སོགས་ཀྱིས་གཉིད་ཉལ་བའི་གནས་སྐབས་ཚུན་ཆད་དུ་སྲུང་བ་ཡིན་ལ།བྱང་ཆུབ་སེམས་དཔའ་ལ་འཁོར་བསྒྱུར་གྱི་སྲུང་མ་ཉིས་འགྱུར་གྱིས་ཉིན་མཚན་ཀུན་ཏུ་སྲུང་བར་འགྱུར་བས། གནོད་པ་དང་། གདོན་དང་བགེགས་སོགས་ཅིའང་མི་འབྱུང་ལ། སེམས་འདི་མེད་ན་ད་ལྟ་བསྐང་གསོ་རྔ་རོལ་སོགས་ཀྱིས་དེ་རྣམས་གདན་དྲངས་ཀྱང་འབྱོན་མི་འབྱོན་ངེས་པ་མེད། སེམས་འདི་སྐྱེ་ན་རྒྱལ་པོ་རྣམ་ཐོས་སྲས་སོགས་རྒྱལ་ཆེན་སྡེ་བཞི་སྤྱན་མ་དྲངས་ཀྱང་བྲན་བཞིན་དུ་བསྲུང་སྐྱོབ་བྱེད། སྡོང་པོ་བཀོད་པའི་མདོ་ལས། རྣམ་པར་མི་གདུང་བའི་རྩི་ལུས་ལ་འཆང་ན། ནད་སོགས་ཀྱིས་གནོད་མི་ནུས་པ་དང་། རྩིའི་རྒྱལ་པོ་ཆུ་ཞེས་བྱ་བ་ལུས་ལ་བཅང་ན། སྦྲུལ་བྱེར་བ་དང་། རྩིའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་ལུས་ལ་འཆང་ན། དགྲས་མི་ཐུབ་པ་བཞིན་བྱང་ཆུབ་ཀྱི་སེམས་འདི་ཡོད་ན་ཉོན་མོངས་པའི་ནད་སོགས་ཀྱིས་མི་ཐུབ་པར་གསུངས་པ་དང་། དགེ་བཤེས་ཁམས་ལུང་པ་འཕན་པོ་ཡུང་བའི་ཕུར་བྱང་སེམས་བསྒོམ་བཞིན་བཞུགས་སྐབས་ཡུལ་དེའི་མི་མ་ཡིན་རྣམས་ཀྱིས་གནོད་སྐྱེལ་བར་བརྩམས་པ་ན། བཙན་ཞིག་གིས། ཁོང་གིས་ཁོ་རང་ལས་ངེད་ཚོ་ལ་གཅེས་པར་བྱས་ནས་རྟག་ཏུ་ངུ་བཞིན་འདུག་པས་གནོད་པ་སྐྱེལ་མི་ཕོད། ཅེས་སྨྲས་ཚུལ་དང་། གཞན་ཡང་སྟོན་པ་ཐུགས་རྗེ་ཅན་གྱིས་བདུད་དམག་བྱམས་པའི་མཐུས་ཕམ་པར་མཛད་པ། རྒྱལ་པོ་བྱམས་པའི་སྟོབས་བཞུགས་ཡུལ་གྱི་ཕྱུགས་རྫི་རྣམས་གནོད་སྦྱིན་ལྔས་མདངས་འཕྲོག་པར་མ་ནུས་པ། པེ་ཧར་གྱིས་བུ་སྟོན་དང་བླ་མ་དམ་པ་གཉིས་ལ་ལྕགས་སྨྱུག་ཕུལ་ཞིང་། དངུལ་ཆུ་རྒྱལ་སྲས་པ་ལ་ཕུལ་མ་ནུས་པའི་རབས་དང་། བུ་སྟོན་བསྙུན་སྐབས་རྒྱལ་སྲས་རིན་པོ་ཆེ་གདན་དྲངས་ནས་དེས་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཕན་པའི་ལོ་རྒྱུས་སོགས་ལྟར་གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པའི་ཕན་ཡོན་མཐའ་ཡས་པ་ཡོད། སེམས་འདི་བསྒོམས་པས་མི་མིན་གྱི་གནོད་པས་མི་ཚུགས་པ་མྱོང་གྲུབ་ཡིན་བྱས་པས་ཆོག་གསུངས། 

      Wednesday, 15 April 2015

      ཐེག་ཆེན་གྱི་གདམས་ངག འཕགས་པའི་བདེན་པ་བཞི་བཤད་པ་ལས། སྡུག་བདེན་ལ་འདོམས་མཐའ་དཔྱད་པ། གཞན་ལུགས་དགག་པ། ང་།

      ཁ་ཅིག
      • མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་ཚོགས་དོན། སྡུག་བསྔལ་བདེན་པའི་མཚན་ཉིད། ཟེར་ན།
      ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་བཞི་དང་ལྡན་པའི་ཕྱིར་ཏེ། དེ་འདྲའི་སྐྱེས་བུ་ཡིན་པའི་ཕྱིར།

      ཡང་ཁ་ཅིག
      • འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞིའི་ཚོགས་དོན། འགོག་བདེན་གྱི་མཚན་ཉིད། ཟེར་ན།
      སངས་འཕགས་ཆོས་ཅན། མཚོན་བྱ་གཉིས་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ།

      གཞན་ཡང་།
      • རང་རྒྱུ་ལས་ཉོ་གྱི་འབྲས་བུར་གྱུར་པའི་ཟག་བཅས་ཀྱི་ཕུང་པོ། སྡུག་བསྔལ་བདེན་པའི་མཚན་ཉིད། ཟེར་ན།
      ལྷག་བཅས་མྱང་འདས་ལ་གནས་པའི་ཉོན་ཐོས་དགྲ་བཅོམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེའི་གཟུགས་ཕུང་དེ་དེ་ཡིན་པ་གང་ཞིག དེ་གཉིས་ཀྱི་དངོས་རྒྱུ་དོན་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དགྲ་བཅོམ་པ་ཡིན་པའི་ཕྱིར།

      Tuesday, 14 April 2015

      ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་ཕན་ཡོན་ནང་ནས། སྡིག་སྒྲིབ་མྱུར་དུ་སྦྱང་བ་དང་། ཅི་བསམ་པ་འགྲུབ་པ། སྐྱར་སྦྱོང་།

      ________________________________________________

      སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།
      1. ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
      2. རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
      3. ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
      4. མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
      5. ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
      6. སྡིག་སྒྲིབ་མྱུར་དུ་སྦྱང་བ།
      7. ཅི་བསམ་པ་འགྲུབ་པ།
      8. གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
      9. ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
      10. འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
      ________________________________________________


      དྲུག་པ་ནི། སྡིག་པ་དག་པ་ལའང་འདི་ལས་ལྷག་པ་མེད་དེ། སྤྱོད་འཇུག་ལས།  སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ།  །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར།  །ཞེས་པ་ལྟར།  བཤགས་པ་གཞན་གྱིས་མི་འདག་པའི་སྡིག་སྒྲིབ་ཤིན་ཏུ་ཆེ་བའང་།  འདི་སྐྱེས་པས་ཟད་པར་འགྱུར་ཏེ།  འཕགས་པ་ཐོགས་མེད་ཀྱིས་ལོ་བཅུ་གཉིས་སུ་བསྒྲུབ་པའི་དགེ་བ་ལས་སྙིང་རྗེ་ལན་ཅིག་བསྐྱེད་པ་དེ་སྡིག་སྒྲིབ་སྦྱོང་བ་ལ་ཆེས་ལྷག་པ་བྱུང་ཚུལ།  གཞན་ཡང་།  སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ།  །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན།  །ཞེས་གསུངས་པ་ལྟར།  སེམས་དེ་ཡོད་ན་སྡིག་སྒྲིབ་དང་དེའི་འབྲས་བུ་འཇིགས་པའི་འཕྲང་གང་དུ་འགྲིམ་པ་ནའང་།  གྲོགས་དཔའ་བོ་ཆེན་པོ་དང་མཉམ་དུ་འགྲོགས་པ་ལྟར་འཇིགས་པ་མི་འབྱུང་ཞིང་།  དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས།  །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད།  །ཅེས་པ་ལྟར་སྡིག་པའི་ཕུང་པོ་ཇི་ལྟར་ཆེ་ཡང་བསྐལ་པའི་མེས་བུད་ཤིང་སྲེག་པ་བཞིན་དུ་འདག་པར་བྱེད་དེ།  དེའི་ཕྱིར།  སྡིག་པ་འཇོམས་པར་བྱེད་པ་ལའང་།  སེམས་འདི་དང་མ་འབྲེལ་བ་སྡིག་སྦྱོང་གཞན་ལ་ལོ་བརྒྱར་བརྩོན་པ་ལས། འདི་ཉིད་ཐུན་གཅིག་བསྒོམ་པ་མཆོག་ཡིན། 


       བདུན་པ་ནི།  སེམས་འདི་སྐྱེས་པ་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འབད་མེད་དུ་འགྲུབ་སྟེ།  དོན་མཆོག་ཏུ་གྱུར་པ་སེམས་ཅན་ཐམས་ཅད་ཀྱི་མི་འདོད་པ་སྡུག་བསྔལ་སྤོང་བ་དང་།  འདོད་པའི་བདེ་བ་འགྲུབ་པར་བྱེད་པའི་ཕྱིར།  སྤྱོད་འཇུག་ལས།  འདིས་ནི་ཚད་མེད་སྐྱེ་བོའ་ི ཚོགས་རྣམས་ཀྱི།  །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་གསུངས།  །ཞེས་སོགས་གསུངས།  གཞན་ཡང་སེམས་འདི་རྒྱུད་ལ་སྐྱེས་ན་རྒྱུད་སྡེ་སོགས་ནས་བཤད་པའི་རིག་སྔགས་དང་ལས་ཚོགས་མི་ཕལ་དང་ཕལ་གྱིས་མི་འགྲུབ་པ་ཐམས་ཅད་ཀྱང་ཚེགས་མེད་པར་འགྲུབ་མོད།  ངེད་ཚོས་མདོ་དང་རྒྱུད་སྡེ་བེའུ་བུམ་སོགས་ལས་བཤད་པའི་ཆར་འབེབས་སེར་སྲུང་སོགས་ལས་ཕྲན་ཚེགས་རྣམས་ཀྱང་བཤད་པ་བཞིན་མི་འགྲུབ་པ་འདི་དག་བྱང་ཆུབ་ཀྱི་སེམས་མེད་པས་ལན།  དེས་ན་རང་གཞན་གྱི་ན་ཚ་སོགས་བར་ཆད་སེལ་ཞིང་ནུས་པ་ཆེ་བར་འདོད་ན། སེམས་འདི་བསྐྱེད་དགོས་ཀྱི། ལས་མི་འགྲུབ་པ་དེ་དག་ལས་ཚོགས་སྟོན་པའི་མན་ངག་གིས་ལན་སྙམ་པ་ལྟ་བུ་བྱ་མི་རུང་།  དེར་མ་ཟད་ཧཱུཾ་ཧཱུཾ་ཕཊ་ཕཊ་སོགས་སྔགས་དང་རྫས་སོགས་ལ་ལྟོས་མི་དགོས་ཀྱི།  བདེན་ཚིག་ཙམ་གྱིས་འགྲུབ་སྟེ།  བྱང་སེམས་རྟག་ཏུ་ངུས་བདེན་ཚིག་གིས་སྐུ་ལུས་གསོས་པ་དང་།  ལྷ་སར་གཙང་ཆུ་ཤོར་བ་སུས་ཀྱང་བཟློག་མ་ནུས་པའི་ཚེ་རྗེ་སྨོན་ལམ་དཔལ་བས་སྨོན་ལམ་དཔལ་བ་བྱང་ཆུབ་སེམས་དཔའ་ཡིན་ན། བདེན་པ་འདིས་ཆུ་ཁྱོད་ཕར་མྱུར་དུ་ལྡོག་ཅིག  །ཅེས་པ་རྡོ་ལ་བྲིས་ནས་ཆུ་འགྲམ་དུ་བསྐྱལ་བས་དེ་མ་ཐག་ཆུ་བོ་ཕར་ལོག་པ་བྱུང་བའང་བདེན་ཚིག་ཙམ་གྱིས་བཟློག་པ་ཡིན།  དེའི་ཕྱིར།  དོན་གྱི་གཙོ་བོ་ཐམས་ཅད་མཁྱེན་པའི་གོ་འཕང་ནས་མ་མཐའ་ལས་ཚོགས་ཕྲ་མོ་ཞིག་ཡན་ཆད་འདིས་འགྲུབ།

      Monday, 13 April 2015

      ཐེག་ཆེན་གྱི་གདམས་ངག འཕགས་པའི་བདེན་པ་བཞི་བཤད་པ་ལས། སྡུག་བདེན་ལ་འདོམས་མཐའ་དཔྱད་པ། གཞན་ལུགས་དགག་པ། ག

      ཁ་ཅིག
      • ཟག་བཅས་འབྲས་དུས་ཀྱི་ཆར་གྱུར་པ། སྡུག་བསྔལ་བདེན་པའི་མཚན་ཉིད།
      • ཟག་བཅས་རྒྱུ་དུས་ཀྱི་ཆར་གྱུར་པ། ཀུན་འབྱུང་བདེན་པའི་མཚན་ཉིད།
      • ཟག་མེད་འབྲས་དུས་ཀྱི་ཆར་གྱུར་པ། འགོག་བདེན་གྱི་མཚན་ཉིད།
      • ཟག་མེད་རྒྱུ་དུས་ཀྱི་ཆར་གྱུར་པ། ལམ་བདེན་བདེན་གྱི་མཚན་ཉིད། ཟེར་ན།
      ཀུན་འབྱུང་བདེན་པ་ཆོས་ཅན། མཚན་ཉིད་དང་པོར་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྡུག་བསྔལ་བདེན་པ་དེ་ཟག་བཅས་རྒྱུ་དུས་ཀྱི་ཆར་གྱུར་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཀུན་འབྱུང་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། མ་དག་པའི་སྣོད་ཀྱི་འཇིག་རྟེན་ཁྱོད་ཡིན་པའི་ཕྱིར།

      གཞན་ཡང་།
      མོས་པ་སྒོམ་ལམ་ཆོས་ཅན། མཚོན་བྱ་གཉིས་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཟག་བཅས་གང་ཞིག རྒྱུ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཟག་བཅས་ཀྱི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་ཀྱི་ལམ་ཡིན་པའི་ཕྱིར། དེར་ཐལ། ཟག་བཅས་ཀྱི་འཕགས་པའི་ལམ་ཡིན་པའི་ཕྱིར། ཟག་བཅས་སྒོམ་ལམ་ཡིན་པའི་ཕྱིར།

      གཞན་ཡང་།
      རྣམ་མཁྱེན་ཆོས་ཅན། མཚོན་བྱ་གསུམ་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཟག་མེད་གང་ཞིག འབྲས་བུ་ཡིན་པའི་ཕྱིར། སངས་འཕགས་ཆོས་ཅན། མཚོན་བྱ་བཞི་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཟག་མེད་གང་ཞིག རྒྱུ་ཡིན་པའི་ཕྱིར།

      Sunday, 12 April 2015

      ལམ་གྱི་ཁྱད་པར་རང་ལུགས་ཀྱི་སྒོ་ནས་བཤད་པ།

      _____________________________________

      མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་ས་བཅད་ལས།

    • ལེའུ་དང་པོ་བསྟན་པ་ལ་འཇུག་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ།
      རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པ།
      - རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ།
      + ཐེག་པ་སྤྱིའི་དབྱེ་བ།
      • ཇི་ལྟར་དབྱེ་བའི་སྒོ།
      • གང་གིས་འབྱེད་པའི་རྒྱུ་མཚན།
      • ཕྱེ་བ་སོ་སོའི་རང་བཞིན།
        • ཐེག་པ་དམན་པའི་རྣམ་གཞག
        • ཐེག་པ་ཆེན་པོའི་རྣམ་གཞག
      • ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པ།
        + ཐེག་པ་ཆེན་པོའི་དབྱེ་བ།
        ༡། ཐེག་པ་ཆེན་པོ་གཉིས་སུ་དབྱེ་བ།
        ཀ། ཇི་ལྟར་དུ་ཕྱེ་བའི་གྲངས།
        ཁ། ཕྱེ་བ་སོ་སོའི་དོན།
        ག དེ་ལྟར་དུ་འབྱེད་པའི་རྒྱུ་མཚན།
        ༡ རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ།
        ༢ དེ་ལ་ལན་གདབ་པ།
        ༡-----གཞན་གྱིས་བརྟགས་པའི་མཐའ་དགག་པ།
        ༢-----ལེགས་པར་གནས་པའི་ཕྱོགས་གཞག་པ་ནི།
        ཀ། ཐེག་ཆན་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས།
          ཁ། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པ།
          • དངོས་ཀྱི་དོན་བཤད་པ།
          • ལམ་གྱི་ཁྱད་པར་ཉིད་བཤད་པ།
            • རང་གི་ལུགས་ཀྱི་ཁྱད་པར།
              • རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱི་ཐེག་པའི་མྱུར་ཁྱད།
              • བླ་མེད་ཀྱི་མྱུར་ཁྱད།
            • སློབ་དཔོན་གཞན་གིས་བཤད་པའི་ཁྱད་པར།
            ༢། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ།
            - དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་པ།
            མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༣༧ ནས།

          • Saturday, 11 April 2015

            བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་སྐོར་གྱི་སྒོམ་ཚུལ།

            དལ་འབྱོར་འདི་ནི་རྙེད་པར་ཞིན་ཏུ་དཀའ། །
            སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །
            གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །
            ཕིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །

            ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །
            གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །
            དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །
            འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །

            དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །
            སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །
            དེ་ནི་རྫོགས་པའི་ཆང་ཆུབ་སེམས་མིན་པ། །
            དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །

            དག་བདེ་གཞན་གྱི་སྡུག་བསྔལ་དག །
            ཡང་དག་བརྗེ་བར་མ་བྱས་ན། །
            སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །
            འཁོར་བ་ན་ཡང་བདེ་བ་མེ། །

            Saturday, 4 April 2015

            བྱང་ཆུབ་སེམས་སྦྱོང་གི་སྒོམ།

            གང་གིས་ཐུགས་བརྩེས་ཉེར་བཟུང་ནས།
            ལྟ་བ་ཐམས་ཅད་སྤང་པའི་ཕྱིར།
            དམ་པའི་ཆོས་ནི་སྟོན་མཛད་པའི།
            གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།

            ས་དང་ཆུ་དང་མེ་དང་རླུང་།  ། 
            སྨན་དང་དགོན་པའི་ཤིང་བཞིན་དུ།  ། 
            རྟག་ཏུ་སངས་རྒྱས་ཐམས་ཅད་ཀྱིས།  ། 
            རང་དགར་དགག་མེད་སྤྱོད་པར་ཤོག  ། 

            སེམས་ཅན་རྣམས་ལ་སྲོག་བཞིན་ཕངས།  ། 
            བདག་ལས་དེ་དག་ཆེས་ཕངས་ཤོག  ། 
            བདག་ལ་དེ་དག་སྡིག་སྨིན་ཅིང་།  ། 
            བདག་དགེ་མ་ལུས་དེར་སྨིན་ཤོག  ། 

            ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་།  ། 
            གང་དུ་མ་གྲོལ་དེ་སྲིད་དུ།  ། 
            དེ་ཕྱིར་བླ་ན་མེད་པ་ཡི།  ། 
            བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག 

            སྐྱེས་བུ་ས་མིན་ཆུ་མ་ཡིན། 
            མེ་མིན་རླུང་མིན་ནམ་མཁའ་མིན། 
            རྣམ་ཤེས་མ་ཡིན་ཀུན་མིན་ན། 
            དེ་ལས་གཞན་དོན་སྐྱེས་བུ་གང་། 

            སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། 
            ཡང་དག་མ་ཡིན་ཇི་ལྟ་བ། 
            དེ་བཞིན་ཁམས་ནི་རེ་རེ་ལའང་། 
            འདུས་ཕྱིར་ཡང་དག་ཉིད་དུ་མིན། 

            གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། 
            ནམ་མཁའ་ཡང་ནི་མིང་ཙམ་མོ། 
            འབྱུང་མེད་གཟུགས་ལྟ་ག་ལ་ཡོད། 
            དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། 

            རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །
            དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །

            གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །
            དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །

            Thursday, 2 April 2015

            ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་ཕན་ཡོན་ནང་ནས། སྡིག་སྒྲིབ་མྱུར་དུ་་སྦྱང་བ་དང་། ཅི་བསམ་པ་འགྲུབ་པ།

            ________________________________________________

            སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།
            1. ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
            2. རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
            3. ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
            4. མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
            5. ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
            6. སྡིག་སྒྲིབ་མྱུར་དུ་་སྦྱང་བ།
            7. ཅི་བསམ་པ་འགྲུབ་པ།
            8. གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
            9. ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
            10. འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
            ________________________________________________

            དྲུག་པ་ནི། སྡིག་པ་དག་པ་ལའང་འདི་ལས་ལྷག་པ་མེད་དེ། སྤྱོད་འཇུག་ལས།  སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ།  །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར།  །ཞེས་པ་ལྟར།  བཤགས་པ་གཞན་གྱིས་མི་འདག་པའི་སྡིག་སྒྲིབ་ཤིན་ཏུ་ཆེ་བའང་།  འདི་སྐྱེས་པས་ཟད་པར་འགྱུར་ཏེ།  འཕགས་པ་ཐོགས་མེད་ཀྱིས་ལོ་བཅུ་གཉིས་སུ་བསྒྲུབ་པའི་དགེ་བ་ལས་སྙིང་རྗེ་ལན་ཅིག་བསྐྱེད་པ་དེ་སྡིག་སྒྲིབ་སྦྱོང་བ་ལ་ཆེས་ལྷག་པ་བྱུང་ཚུལ།  གཞན་ཡང་།  སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ།  །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན།  །ཞེས་གསུངས་པ་ལྟར།  སེམས་དེ་ཡོད་ན་སྡིག་སྒྲིབ་དང་དེའི་འབྲས་བུ་འཇིགས་པའི་འཕྲང་གང་དུ་འགྲིམ་པ་ནའང་།  གྲོགས་དཔའ་བོ་ཆེན་པོ་དང་མཉམ་དུ་འགྲོགས་པ་ལྟར་འཇིགས་པ་མི་འབྱུང་ཞིང་།  དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས།  །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད།  །ཅེས་པ་ལྟར་སྡིག་པའི་ཕུང་པོ་ཇི་ལྟར་ཆེ་ཡང་བསྐལ་པའི་མེས་བུད་ཤིང་སྲེག་པ་བཞིན་དུ་འདག་པར་བྱེད་དེ།  དེའི་ཕྱིར།  སྡིག་པ་འཇོམས་པར་བྱེད་པ་ལའང་།  སེམས་འདི་དང་མ་འབྲེལ་བ་སྡིག་སྦྱོང་གཞན་ལ་ལོ་བརྒྱར་བརྩོན་པ་ལས། འདི་ཉིད་ཐུན་གཅིག་བསྒོམ་པ་མཆོག་ཡིན། 


             བདུན་པ་ནི།  སེམས་འདི་སྐྱེས་པ་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འབད་མེད་དུ་འགྲུབ་སྟེ།  དོན་མཆོག་ཏུ་གྱུར་པ་སེམས་ཅན་ཐམས་ཅད་ཀྱི་མི་འདོད་པ་སྡུག་བསྔལ་སྤོང་བ་དང་།  འདོད་པའི་བདེ་བ་འགྲུབ་པར་བྱེད་པའི་ཕྱིར།  སྤྱོད་འཇུག་ལས།  འདིས་ནི་ཚད་མེད་སྐྱེ་བོའ་ི ཚོགས་རྣམས་ཀྱི།  །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་གསུངས།  །ཞེས་སོགས་གསུངས།  གཞན་ཡང་སེམས་འདི་རྒྱུད་ལ་སྐྱེས་ན་རྒྱུད་སྡེ་སོགས་ནས་བཤད་པའི་རིག་སྔགས་དང་ལས་ཚོགས་མི་ཕལ་དང་ཕལ་གྱིས་མི་འགྲུབ་པ་ཐམས་ཅད་ཀྱང་ཚེགས་མེད་པར་འགྲུབ་མོད།  ངེད་ཚོས་མདོ་དང་རྒྱུད་སྡེ་བེའུ་བུམ་སོགས་ལས་བཤད་པའི་ཆར་འབེབས་སེར་སྲུང་སོགས་ལས་ཕྲན་ཚེགས་རྣམས་ཀྱང་བཤད་པ་བཞིན་མི་འགྲུབ་པ་འདི་དག་བྱང་ཆུབ་ཀྱི་སེམས་མེད་པས་ལན།  དེས་ན་རང་གཞན་གྱི་ན་ཚ་སོགས་བར་ཆད་སེལ་ཞིང་ནུས་པ་ཆེ་བར་འདོད་ན། སེམས་འདི་བསྐྱེད་དགོས་ཀྱི། ལས་མི་འགྲུབ་པ་དེ་དག་ལས་ཚོགས་སྟོན་པའི་མན་ངག་གིས་ལན་སྙམ་པ་ལྟ་བུ་བྱ་མི་རུང་།  དེར་མ་ཟད་ཧཱུཾ་ཧཱུཾ་ཕཊ་ཕཊ་སོགས་སྔགས་དང་རྫས་སོགས་ལ་ལྟོས་མི་དགོས་ཀྱི།  བདེན་ཚིག་ཙམ་གྱིས་འགྲུབ་སྟེ།  བྱང་སེམས་རྟག་ཏུ་ངུས་བདེན་ཚིག་གིས་སྐུ་ལུས་གསོས་པ་དང་།  ལྷ་སར་གཙང་ཆུ་ཤོར་བ་སུས་ཀྱང་བཟློག་མ་ནུས་པའི་ཚེ་རྗེ་སྨོན་ལམ་དཔལ་བས་སྨོན་ལམ་དཔལ་བ་བྱང་ཆུབ་སེམས་དཔའ་ཡིན་ན། བདེན་པ་འདིས་ཆུ་ཁྱོད་ཕར་མྱུར་དུ་ལྡོག་ཅིག  །ཅེས་པ་རྡོ་ལ་བྲིས་ནས་ཆུ་འགྲམ་དུ་བསྐྱལ་བས་དེ་མ་ཐག་ཆུ་བོ་ཕར་ལོག་པ་བྱུང་བའང་བདེན་ཚིག་ཙམ་གྱིས་བཟློག་པ་ཡིན།  དེའི་ཕྱིར།  དོན་གྱི་གཙོ་བོ་ཐམས་ཅད་མཁྱེན་པའི་གོ་འཕང་ནས་མ་མཐའ་ལས་ཚོགས་ཕྲ་མོ་ཞིག་ཡན་ཆད་འདིས་འགྲུབ།

            Wednesday, 1 April 2015

            ཐེག་ཆེན་གྱི་གདམས་ངག འཕགས་པའི་བདེན་པ་བཞི་བཤད་པ་ལས། སྡུག་བདེན་ལ་འདོམས་མཐའ་དཔྱད་པ། གཞན་ལུགས་དགག་པ། ཁ།

            ཁ་ཅིག
            • ཀུན་ནས་ཉོན་མོང་ཕྱོགས་ཀྱི་བདེན་པ་གང་ཞིག གྲོལ་པ་དོན་གཉེར་གྱི་སྐྱེ་བུས། ནད་དང་འདྲ་བར་ཤེས་པར་བྱ་བ་དེ་སྡུག་བསྔལ་བདེན་པའི་མཚན་ཉིད། 
            • དེ་གང་ཞིག གྲོལ་པ་དོན་གཉེར་གྱི་སྐྱེ་བུས། ནད་ཀྱི་རྒྱུ་ལྟར་སྤང་བར་བྱ་བ་དེ་ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། 
            • རྣམ་བྱང་གི་བདེན་པ་གང་ཞིག དེས་ནད་དང་བྲལ་བ་ལྟར་མངོན་དུ་བྱ་བ་དེ་འགོག་བདེན་གྱི་མཚན་ཉིད། 
            • དེས་སྨན་ལྟར་དུ་བསྟེན་པར་བྱ་བ་ལམ་བདེན་གྱི་མཚན་ཉིད་ཟེར་ན། 
            ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་སྒྲ་བཅོམ་པའི་རྒྱུད་ཀྱི་ཉེར་ལེན་གི་ཕུང་པོ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེའི་རྒྱུ་ལ་སྡུག་བསངལ་བདེན་པ་ཡོད་པའི་ཕྱིར། དེར་ཐལ དེའི་རྒྱུད་ལ་འཁོར་བས་བསྡུས་པའི་ལས་ཡོད་པའི་ཕྱིར། དེར་ཐལ། དེ་ལས་དབང་གིས་འཁོར་བར་གནས་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེའི་རྒྱུ་ལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ།
            གཞན་ཡང་།
            སྡུག་བསྔལ་བདེན་པར་འགྱུར་བའི་དད་པའི་དབང་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཀུན་འབྱུང་བདེན་པར་གྱུར་པའི་དེ་ཡོད་པའི་ཕྱིར། དེར་ཐལ། དེར་གྱུར་པའི་བསོད་ནམས་ཀྱི་ལས་འཁོར་དུ་ལྡན་པའི་གཙོ་སེམས་ཀྱི་འཁོར་དུ་བྱུང་བའི་དད་པའི་དབང་པོ་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲ་བའི་གཙོ་བོ་སེམས་ཆོས་ཅན། ཁྱོད་ཀྱི་འཁོར་དུ་བྱུང་བའི་དད་པའི་དབང་པོ་ཡོད་པར་ཐལ། ཁྱོད་དགེ་སེམས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྣམ་བྱང་གི་དབང་པོ་ཡིན་པའི་ཕྱིར། དེར་ཐལ། དད་པའི་དབང་པོ་ཡིན་པའི་ཕྱིར།