རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་འཁོར་ཚུལ་དཔེ་དོན་སྦྱར་མའི་འགྲེལ་བཤད།
༄༅ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་འཁོར་ཚུལ་དཔེ་དོན་སྦྱར་མའི་འགྲེལ་བཤད། དེ་ཡང་སྲིད་པ་འཁོར་ལོ་ཞེས་པའི་དཔེ་རིས་འདི་ནི་ལས་ཉོན་གྱི་གཞན་དབང་ཅན་གྱི་འགྲོ་བ་རྣམས་ལ་འཁོར་བ་འཁོར་ཚུལ་དང་། ཐར་པའི་ལམ་སྟོན་པའི་ཕྱིར་དུ་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་ཞལ་བཀོད་བཟོ་བསྐྲུན་དང་འབྲེལ། སྒོམ་དོན་བསྟན་པས་སྐབས་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། ཨུ་ཊ་ཡ་ན་སོགས་ཀྱིས་ཡན་ལག་ བཅུ་གཉིས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་། ལུགས་ལྡོག་གི་ཚུལ་ལ་ཐོས་བསམ་སྒོམ་པས་འཕགས་པའི་ལམ་བཟང་ཐོབ་པའི་ལོ་རྒྱུས་ཡོད་ལ། དེ་ནས་བཟུང་ད་ལྟ་བར་དུ་སེར་སྐྱ་མང་པོས་འདིའི་མཚོན་དོན་སྐྱེས་བུ་གསུམ་གྱི་ལམ་རིམ་སོགས་གཞུང་དང་སྦྱར་ཏེ་ཐོས་བསམ་སྒོམ་པས་རྣམ་བྱང་ཐར་པའི་ལམ་དུ་བགྲོད་དང་བགྲོད་མུས་སུ་ཡོད་པ་དེ་ལྟར་ཡིན། འོ་ན་འདིའི་ནང་གི་རི་མོ་འདི་དག་གིས་དོན་གང་དང་གང་ཞིག་མཚོན་པ་ཡིན་ནམ་ཞེ་ན། དེ་ཡང་འདོད་ཆགས་ཆེ་བར་གྲགས་པའི་བྱ་དང་། དེ་བཞིན་ཞེ་སྡང་ཅན་སྦྲུལ། གཏི་མུག་ཅན་ཕག་བཅས་བྱ་ཕག་སྦྲུལ་གསུམ་གྱིས་ཆགས་སྡང་ཏི་མུག་བཅས་དུག་གསུམ་མཚོན་ཞིངདེ་གསུམ་ནི། ལུས་ཅན་རྣམས་འཁོར་བ་འཁོར་བའི་འབྱུང་རྩ་ཡིན་པས་སྲིད་འཁོར་གྱི་དབུས་སུ་བྲིས་ཤིང་བྱ་སྦྲུལ་གཉིས་ཕག་ལས་བྱུང་བ་བྲིས་པ་ནི། ཆགས་སྡང་གཉིས་གཏི་མུག་ལས་བྱུང་བ་མཚོན། དེའི་མཐར་ལམ་དཀར་ནག་གཉིས་བྲིས་པ་ནི། བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པ་མཚོན། དེ་ཡང་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེ་བ་ཞིག་ཡིན་ན། བར་སྲིད་སྐབས་མཚན་མོར་མགོ་བོ་ཐུར་དུ་བསྟན་ནས་འགྲོ་བའི་སྣང་བ་དང། དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བ་ཞིག་ཡིན་ན། མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ། གངས་རི་ལ་ཉི་འོད་ཕོག་པ་ལྟ་བུ་དང། ལམ་གྱེན་དུ་འགྲོ་བའམ། ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར། ལས་མཁན་གྱིས་ཐག་པས་བཀྱིགས་ནས་འཁྲིད་པར་བྲིས་པ་ནི། ངན་སོང་དུ་འགྲོ་བའི་བར་སྲིད་པ་རྣམས་ནི་སྡིག་པའི་ལས་ཀྱིས་རང་དབང་མེད་པར་བདས་པ་དང་། འགའ་ཤས་ལས་མཁན་འཇིགས་སུ་རུང་བས་ཐག་པས་བསྡམས་ནས་འཐེན་པའི་འཇིགས་སྣང་དཔག་མེད་སྐྱེ་བ་མཚོན། བདེ་འགྲོའི་བར་སྲིད་ཡིན་ན་དེ་འདྲའི་འཇིགས་སྣང་མེད། བར་དུ་ལྷ་དང་མི། ལྷ་མ་ཡིན། དམྱལ་བ། ཡི་དྭགས། དུད་འགྲོའི་བཀོད་པ་བྲིས་པ་ནི། འཁོར་བ་འཁོར་བའི་གནས་ལ་འགྲོ་བ་རིགས་དྲུག་ཏུ་ངེས་པ་མཚོན། ༼ཡན་ལག་བཅུ་གཉིས་སོ་སོའི་མཚན་ཉིད་དང་དཔེ་རིས་མཚོན་དོན་རེ་རེ་བཞིན་འགོད་པ་ནི།༽
༡༽ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རང་འབྲས་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་ཀྱི་མི་ཤེས་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དང་པོར་དམུས་ལོང་འཁར་བ་ལ་བརྟེན་ནས་འགྲོ་བ་བྲིས་པ་ནི། མ་རིག་པའི་རྟེན་འབྲེལ་མཚོན་ཏེ། དམུས་ལོང་བདེ་བའི་ལམ་དུ་འགྲོ་བ་ལ་རྨོངས་པ་ལྟར་མ་རིག་པས་ལས་འབྲས་དང་རྟེན་འབྲེལ་གྱི་གནས་ལུགས་ལ་རྨོངས་ཤིང་ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ཕྱིན་ཅི་ལོག་ཏུ་སོང་སྟེ་དགེ་སྡིག་གི་ལས་ལ་གྱ་ཚོམ་དུ་འཇུག་པར་བྱེད་པའོ།
༢༽ རྟེན་འབྲེལ་ཚར་གཅིག་ཏུ་གཏོགས་པའི་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་དངོས་ཀྱི་རྐྱེན་བྱེད་པའི་རིགས་སུ་གནས་པའི་ཡང་སྲིད་འཕེན་བྱེད་ཀྱི་ལས། གཉིས་པར་རྫ་མཁན་བྲིས་པ་ནི། འདུ་བྱེད་ཀྱི་རྟེན་འབྲེལ་མཚོན་ཏེ། རྫ་མཁན་གྱིས་རྫ་མ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་བཟོ་ཐུབ་པ་ལྟར་ལས་ཀྱི་རྟེན་འབྲེལ་གྱིས་རྣམ་སྨིན་གྱི་ཕུང་པོ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་སྐྱེད་པར་བྱེད་པ་ཡིན།
༣༽ རྟེན་འབྲེལ་ཚར་གཅིག་ཏུ་གཏོགས་པའི་ལས་ནུས་པ་མཐུ་ཅན་དུ་མ་གྱུར་པའི་གནས་སྐབས་ཀྱི་ཙོ་བོ་ཡིད་ཀྱི་རྣམ་རིག་གང་ཞིག རྣམ་སྨིན་བསྐྱེད་མ་ཟིན་པའི་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་བསྒོ་གཞི། གསུམ་པར་སྤྲེའུ་ཤིང་རྩེར་བྲིས་པ་ནི། རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན་ཏེ། སྤྲིའུས་ཤིང་གི་རྩེ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཕོ་བསྐྱོད་བྱེད་པ་ལྟར་རྣམ་ཤེས་ཀྱིས་སྐྱེ་བ་སྔ་ཕྱི་བར་གསུམ་གྱི་རྣམ་སྨིན་ཕུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེ་འཆི་འདོར་ལེན་བྱེད་པ་ཡིན།
༤༽ རྟེན་འབྲེལ་ཚར་གཅིག་ཏུ་གཏོགས་པའི་ལྔ་པ་སྐྱེ་མཆེད་ཀྱི་སྔོན་རོལ་དུ་བྱུང་ཞིང་སྐྱེ་སྲིད་ཀྱིས་བསྡུས་པའི་རྣམ་སྨིན་གྱི་ཕུང་པོར་དམིགས་པ། བཞི་པར་གྲུ་གཟིངས་བྲིས་པ་ནི། མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན་ཏེ། གྲུ་གཟིངས་ཀྱིས་འགྲུལ་པ་ཚུ་རོལ་ནས་ཕ་རོལ་དུ་སྐྱེལ་འདྲེན་བྱེད་པའི་རྟེན་གཞི་དང་། མཁོ་བའི་དངོས་པོ་འཇོག་པའི་སྣོད་བྱེད་པ་ལྟར་མིང་གཟུགས་ཅི་རིགས་པས་ཀྱང་སྐྱེ་བ་སྔ་མ་ནས་འདིར་འོངས་ཤིང་། འདི་ནས་ཕྱི་མར་འགྲོ་བའི་རྣམ་ཤེས་ཀྱི་རྟེན་དང་འབྲས་བུ་བདེ་སྡུག་ཐམས་ཅད་འབྱུང་བའི་སྣོད་དམ་ཕུང་པོའི་ངོ་བོར་འཛིན་པར་བྱེད་པའི་ཕྱིར།
༥༽ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་ལྔ་པ་གང་ཞིག རྟེན་འབྲེལ་ཚར་གཅིག་པའི་སྔོན་དུས་ཀྱི་སྲིད་པའི་གནས་སྐབས་ཀྱི་རྣམ་སྨིན་གྱི་ཕུང་པོ། ལྔ་པར་ཁང་པ་སྟོང་པ་བྲིས་པ་ནི། སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན་ཏེ། ཁང་སྟོང་གནས་ཀྱི་ངོ་བོར་གྲུབ་ཀྱང་། བརྟེན་པ་བདག་པོ་མེད་པ་ལྟར། སྐྱེ་མཆེད་ཀྱི་གནས་སྐབས་སུ་དབང་པོ་ལྔའི་ངོ་བོ་རྫོགས་པར་གྲུབ་ཀྱང་བརྟེན་པ་རྣམ་ཤེས་ལྔ་འགྲུབ་རྒྱུ་ཡིན་པའི་ཕྱིར།
༦༽ རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་དྲུག་པ་གང་ཞིག ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་སྤྱོད་པར་བྱེད་པའི་སེམས་བྱུང། དྲུག་པར་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པའི་རྣམ་འགྱུར་བྲིས་པ་ནི། རེག་པའི་རྟེན་འབྲེལ་མཚོན་ཏེ། ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པའི་ཚེ་རེག་པའི་བདེ་བ་ཙམ་ལས་འཁྲིག་པའི་བདེ་བ་ཡོངས་སུ་མི་རྫོགས་པ་ལྟར་རེག་པའི་རྟེན་འབྲེལ་གྱི་ཚེ་ཚ་གྲང་འཇམ་རྩུབ་ལ་སོགས་པའི་རེག་བྱ་གང་དང་གང་འཕྲད་ཀྱང་དེ་ལྟར་རེག་པའི་སྣང་བ་ཙམ་ལས་དེ་ལས་བྱུང་བའི་ཚོར་བ་བདེ་སྡུག་རྫོགས་པར་མྱང་མ་ཟིན་པའི་གནས་སྐབས་ཡིན་པའི་ཕྱིར།
༧༽ རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་བདུན་པ་གང་ཞིག སེམས་མྱོང་བའི་རྣམ་པ་ཅན་དུ་བྱེད་པའི་སེམས་བྱུང། བདུན་པར་མིག་ལ་མདའ་ཟུག་པ་བྲིས་པ་ནི། ཚོར་བའི་རྟེན་འབྲེལ་མཚོན་ཏེ། མིག་ལ་མདའ་ཟུག་མ་ཐག་ཏུ་ཚོར་བ་སྡུག་བསྔལ་ངང་གིས་སྐྱེ་བ་ལྟར་རེག་པ་དེ་ཉིད་ནུས་པ་ཤས་ཆེར་གྱུར་ནས་ཚ་གྲང་དང། འཇམ་རྩུབ་ཇི་ལྟར་རེག་པ་ན་དེའི་ཚོར་བ་བདེ་སྡུག་ངང་གིས་སྐྱེ་བའི་ཕྱིར།
༨༽ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་བརྒྱད་པ་གང་ཞིག རྟེན་འབྲེལ་ཚར་གཅིག་ཏུ་གཏོགས་པའི་ལས་ནུས་པ་མཐུ་ཅན་དུ་འགྱུར་པའི་འདོད་ཆགས་སུ་དམིགས་པ། བརྒྱད་པར་སྐྱེས་བུ་ཆང་འཐུང་བ་བྲིས་པ་ནི། སྲེད་པའི་རྟེན་འབྲེལ་མཚོན་ཏེ། ཆང་འཐུང་སྐྱེས་བུས་ཆང་གི་བྲོ་བ་མྱོང་བ་ན་དེ་ལ་ཆགས་ཞེན་རང་ཤུགས་ཀྱིས་འཕེལ་ཏེ་རང་སེམས་དེ་ལ་གཡེང་བ་ལྟར། སྲིད་པའི་འཁྲུལ་སྣང་གི་དངོས་པོར་ཡིད་ཆགས་ཏེ་དེ་དང་དེ་ཐོབ་ན་སྙམ་པའམ་དེ་དང་མ་བྲལ་ན་སྙམ་པའི་སྲེད་ཞེན་གྱིས་ཡིད་གདུང་བར་བྱེད་པའི་ཕྱིར།
༩༽ རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་དགུ་པ་གང་ཞིག རང་གི་དམིགས་ཡུལ་དུ་གྱུར་པའི་ལོངས་སྤྱོད་ལ་ལྷག་པར་ཆགས་པའི་འདོད་ཆགས། དགུ་པར་སྤྲིའུས་ཤིང་ཏོག་ལེན་པ་བྲིས་པ་ནི། ལེན་པའི་རྟེན་འབྲེལ་མཚོན་ཏེ། སྤྲིའུས་རང་གི་ཡིད་དུ་འགྲོ་བའི་ཤིང་ཏོག་ལ་སེམས་གཡོ་ཤིང་ལག་ཏུ་ལེན་བཞིན་པ་ལྟར། སྲེད་པ་དེ་ཉིད་ཤས་ཆེར་སོང་ནས་འདོད་པའི་དངོས་པོ་དང་དུ་ལེན་པའི་སེམས་རབ་ཏུ་གཡོ་བར་བྱེད་པའི་ཕྱིར།
༡༠༽ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་བཅུ་པ་གང་ཞིག ལས་ཀྱི་སྲིད་པས་བསྡུས་པ། བཅུ་པར་བུད་མེད་སྦྲུམ་མ་བྲིས་པ་ནི། སྲིད་པའི་རྟེན་འབྲེལ་མཚོན་ཏེ། སྦྲུམ་མས་རང་གི་ཕྲུ་གུ་ཕྱིར་འབྱུང་བར་མངོན་དུ་ ཕྱོགས་པ་ལྟར་རྣམ་ཤེས་ཀྱི་སྟེང་དུ་འདུ་བྱེད་ཀྱི་ལས་ཀྱི་བག་ཆགས་བཞག་པ་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ་ལས་ཀྱི་ནུས་པ་མཐུ་ཅན་དུ་གྱུར་ཏེ་རྣམ་སྨིན་གྱི་ཕུང་པོ་གསར་དུ་འགྲུབ་པ་ལ་མངོན་དུ་ཕྱོགས་པའི་ཕྱིར།
༡༡༽ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་བཅུ་གཅིག་པ་གང་ཞིག རྟེན་འབྲེལ་ཚར་གཅིག་པོ་དེའི་སྐྱེ་བའི་སྲིད་པས་བསྡུས་པ། བཅུ་གཅིག་པར་ཕྲུ་གུ་བཙའ་བ་བྲིས་པ་ནི། སྐྱེ་བའི་རྟེན་འབྲེལ་མཚོན་ཏེ། ཕྲུ་གུ་མའི་མངལ་ནས་ཕྱི་རོལ་དུ་ཐོན་པའི་སྐབས་ལྟར་རྣམ་ཤེས་ཕུང་པོ་རྙིང་པ་ནས་ཕྱིར་ཐོན་ཏེ་བར་སྲིད་དུ་ཞུགས་པ་དང་། བར་སྲིད་ནས་སྐྱེ་སྲིད་དུ་འཕོ་བར་བྱེད་པའི་ཕྱིར།
༡༢༽ ཚར་གཅིག་གི་རྟེན་འབྲེལ་བཅུ་གཉིས་པ་གང་ཞིག ཚར་གཅིག་པོ་དེའི་སྐྱེ་བ་ནས་བཟུང་སྟེ། ན་ཚོད་གཞན་དུ་འགྱུར་བ་དང་། ཕུང་པོའི་རིགས་མཐུན་འདོར་བ་གང་རུང་གིས་བསྡུས་པ། བཅུ་གཉིས་པར་མི་རོ་འཁུར་བ་བྲིས་པ་ནི། རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་ཏེ། མིའི་རོ་མཐོང་བ་དེའི་རྐྱེན་གྱིས་འཆི་བ་ངང་གིས་དྲན་ཞིང་རང་གི་ན་ཚོད་གཞན་དུ་འགྱུར་ཏེ་ཇེ་རྒུད་དུ་སོང་བ་ནས་བཟུང་རྒ་བའི་རྟེན་འབྲེལ་དང་། འབྱུང་བཞི་རིམ་གྱིས་བསྡུས་ནས་ཚེ་འདིའི་ཕུང་པོ་དང་། ཡིད་ཀྱི་རྣམ་ཤེས་གཉིས་འབྲེལ་ཐག་ཆད་པ་ན་ཤི་བའི་རྟེན་འབྲེལ་གྲུབ་པ་ཡིན།
དེ་དག་འཁོར་ལོའི་རྣམ་པར་སྲིན་པོ་ཁྲོས་པའི་འཆི་བདག་དམར་པོའི་ཁ་དང་། རྐང་ལག་གིས་དམ་དུ་བཟུང་བར་བྲིས་པ་ནི། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་འཆི་བདག་གི་གཞན་དབང་ཅན་ཡིན་པ་དང་། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར་ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱང་སྟེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བར་མཚོན་པ་ཡིན། སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྔག་བསྔལ་མཐའ་དག་ཞི་བའི་ཐར་པའམ། བདུད་བཞི་བཅོམ་པའི་སངས་རྒྱས་ཀྱི་གོ་འཕང་མཚོན་པ་ཡིན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་འཇིང་དུ་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས་འགྲོ་བ་རྣམས་ཀྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་དགོས་ཞེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན། ཡང་བདེན་བཞིའི་བླང་དོར་མཚོན་པའི་དབང་དུ་བྱས་ན། འགྲོ་བ་རིགས་དྲུག་གི་སྣོད་བཅུད་ཀྱི་བཀོད་པས་སྡུག་བསྔལ་བདེན་པ་མཚོན། དབུས་ཀྱི་བྱ་ཕག་སྦྲུལ་གསུམ་གྱིས་ཉོན་མོངས་པའི་ཀུན་འབྱུང་དང་། དེའི་མཐར་ལམ་དཀར་ནག་གཉིས་ཀྱིས་ལས་ཀྱི་ཀུན་འབྱུང་མཚོན། རྟེན་འབྲེལ་བཅུ་གཉིས་ཀྱི་རི་མོས་འཁོར་བར་ཇི་ལྟར་འཁོར་བའི་ཚུལ་དང་། ཐུབ་པའི་གཟུགས་བརྙན་གྱིས་ལམ་བདེན། ཟླ་བ་ཤར་བ་དེས་ཞི་བ་འགོག་བདེན་མཚོན་ཞིང་དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་པ་ནི། ལམ་བདེན་ལ་བརྟེན་ནས་ཞི་བ་མྱང་འདས་ཇི་ལྟར་ཐོབ་པའི་ཐབས་མཚོན་པ་ཡིན། དེས་ན་གཏན་གྱི་བདེ་བ་དོན་དུ་གཉེར་བའི་འགྲོ་བ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་རྣམ་གཞག་ཞིབ་ཕྲ་ཁོང་དུ་ཆུད་པར་བྱས་ཏེ། བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པའི་ལམ་ཉམས་སུ་བླངས་ནས་གཏན་གྱི་བདེ་བ་མཐར་ཐུག་མཆོག་གསུམ་རྒྱལ་བའི་གོ་འཕང་ཐོབ་པའི་ཐབས་ལ་ཅི་ནུས་ཀྱིས་འབད་པ་ནི་དལ་བའི་རྟེན་ལ་སྙིང་པོ་ལེན་བའི་ཐབས་དམ་པའོ། །
༢༠༠༩ ལོར་རྣམ་གྲྭ་དགེ་བཤེས་བློ་བཟང་གྲགས་པས་མི་མང་ལ་ནང་ཆོས་ངོ་སྤྲོད་སྐབས་དཔར་དུ་བསྐྲུན་པ་དགེ་གྱུར་ཅིག། །