Thursday, 9 July 2015

བློ་སྦྱོང་། ཁ།

འདིའི་ཐོག་མར་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བ་མིན་གྱི། སློབ་དཔོན་ཟླ་བ་གྲགས་པས། དབུ་མ་འཇུག་པའི་དབུར་སྙིང་རྗེ་ལ་མཆོད་བརྗོད་མཛད་པ་བཞིན་འདིར་ཡང་སྙིང་རྗེ་ཆེན་པོ་ལ་མཆོད་པར་བརྗོད་པའོ། །དེ་ནས་བློ་སྦྱོང་དངོས་གཞི་ལ་དོན་ཚན་བདུན་ལས། དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་ཞེས་པ་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་སྦྱངས་པ་དེ་ཡིན་ལ། དེ་ནི་ལམ་རིམ་ལས་བཤད་པ་དང་ཁྱད་མེད་པས་གསར་དུ་བཤད་མི་དགོས་སོ།།

གཉིས་པ་བྱང་ཆུབ་ཀྱི་སེམས། 

གཉིས་པ་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་ལ། དོན་དམ་སེམས་བསྐྱེད་དང༌། ཀུན་རྫོབ་སེམས་བསྐྱེད་གཉིས་ལས། ཐེག་ཆེན་གྱི་རིགས་ཅན་དབང་རྣོན་དག་གི་དབང་དུ་བྱས་ནས། སྔ་རབས་ཀྱི་ཁྲིད་ཡིག་རྣམས་སུ་དང་པོར་དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་བློ་སྦྱང་བ་འདིར་གསུངས་ཀྱང༌།

སྔོན་དུ་ཐབས་ཀྱི་ཆ་མ་བསྟན་པར་དོན་དམ་སེམས་བསྐྱེད་ཀྱི་བློ་སྦྱོང་ཚུལ་བཤད་ན་གྲུབ་ཆེན་གླང་པོའ་ིཀོ་བ་པའི་ལོ་རྒྱུས་ལྟར་འགྲོ་བ་ཡང་སྲིད་པས། འདིར་ཚེ་གླིང་ཡོངས་འཛིན་གྱི་ཕྱག་སྲོལ་ལྟར་དོན་དམ་སེམས་བསྐྱེད་ཀྱི་བློ་སྦྱོང་བ་སྔོན་དུ་མི་འཆད་པར་ཤེས་རབ་ཀྱི་ཕར་ཕྱིན་འོག་ཏུ་འབྱུང་བས་དོན་དམ་སེམས་བསྐྱེད་དེ་དང་སྦྲགས་ནས་འོག་ཏུ་འཆད་གསུངས། གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བ་ལ། འདིའི་མན་ངག་གི་ཁུངས་ནི་མཛའ་བོའ་ིབུ་མོའ་ིགཏམ་རྒྱུད་ལྟར་དང༌། སོགས་ཁོངས་སུ་ཡོད་པ་སྟོན་པ་ཐུགས་རྗེ་ཅན་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་སྐབས་ཐུགས་བསྐྱེད་པ་སོགས་ཡིན། དེ་ལ་ལྔ་ལས། དང་པོ་བདག་གཞན་མཉམ་པར་བསྒོམ་པ་ནི། ཐོག་མར་སྔར་གོང་དུ་བཤད་པའི་བཏང་སྙོམས་ནས་ཡིད་འོང་གི་བྱམས་པ་ལ་མ་ཐུག་བར་གོང་དུ་བཤད་པ་ལྟར་སྔོན་དུ་བཏང༌། དེ་ནས་བླ་མཆོད་ལས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང༌། །སོགས་ལྟར་བསམ་དགོས་པས་ད་ལྟ་རང་རེས་བདག་ཟེར་བ་ན། ཤིན་ཏུ་གཅེས་ཤིང་ཕངས་ལ་གཞན་དེ་ལྟར་དུ་མི་བལྟ་བ་ནི། བདག་གཞན་མ་མཉམ་པ་ཡིན་འདུག་ཀྱང༌། བདག་གཞན་གཉིས་ལ་ཁྱད་པར་ཆེན་པོ་དེ་ཙམ་མི་རིགས་ཏེ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་རང་དང་གཞན་གཉིས་ཀ་མཚུངས་པས་སོ་སྙམ་དུ་བསམ་དགོས། དང་པོ་འདི་ལ་དེ་ཙམ་ལས་གཞན་རིགས་པའི་རྣམ་གྲངས་མང་པོ་མེད། བློ་སྦྱོང་གི་སྐབས་འདིར་མར་ཤེས་དྲིན་དྲན་དྲིན་གཟོ་གསུམ་དང༌། མཇུག་གི་ལྷག་བསམ་དང༌། བྱང་སེམས་ལ་སྔར་རྒྱུ་འབྲས་བདུན་གྱི་སྐབས་དང་ཁྱད་མེད་ཀྱང༌། ཡིད་འོང་གི་བྱམས་པ་དང་སྙིང་རྗེ་གཉིས་ལ་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད། དེ་གཉིས་ལ་ཁྱད་འདོན་ཚུལ་ཡང༌། དྲིན་དྲན་གྱི་སྐབས་སུ། སྔ་མ་ལ་ཨ་མ་བྱས་པའི་སྐབས་ཀྱི་དྲིན་དྲན་ཚུལ་ལས་མེད་ལ༑ འདིར་ནི་ཨ་མ་མ་བྱས་པའི་གནས་སྐབས་སུའང་དྲིན་དྲན་ཚུལ་ཡོད། བདག་གཞན་བརྗེ་བ་ལ། དེའི་སྔོན་དུ་འགལ་རྐྱེན་བདག་གཅེས་འཛིན་གྱི་སྐྱོན་དང༌། མཐུན་རྐྱེན་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་དགོས་པས།

No comments:

Post a Comment