གཉིས་པ་བདག་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ་ནི།
བླ་མཆོད་ལས།
རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི། །
མི་འདོད་སྡུག་བསྔལ་བསྐྱེད་པའི་རྒྱུར་མཐོང་ནས། །
སོགས་དང༌། སྤྱོད་འཇུག་ལས།
འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །
དེ་ཀུན་བདག་བདེ་འདོད་ལས་བྱུང༌། །
ཞེས་དང༌།
འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང༌། །
འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །
དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །
འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །
ཞེས་དང༌། འདིའི་རྩ་ཚིག་ལས་ཀྱང༌།
ལེ་ལན་ཐམས་ཅད་གཅིག་ལ་བདའ། །
ཞེས་པ་ལྟར་རང་ལ་མི་འདོད་པ་གང་བྱུང་བ་ཐམས་ཅད་རང་གཅེས་འཛིན་ལས་བྱུང་བ་ཡིན་ཏེ། མཚོན་དང༌། དུག་དང༌། ལྷ་ཀླུ་སོགས་མི་མ་ཡིན་གྱི་གནོད་པ་དང༌། དམྱལ་བ་ཡི་དྭགས་དུད་འགྲོ་སོགས་སུ་སྐྱེ་བའང་རང་བདེ་ཐབས་ཀྱི་ཁེ་ཞིག་ཐོབ་པའི་རེ་བ་བྱས་ནས་གཞན་གྱི་སྲོག་བཅད་པ་དང༌། སེར་སྣ་བྱས་པ་དང༌། གཞན་ཁྱད་དུ་བསད་པ་སོགས་ཀྱི་སྐྱོན་ཡིན། དེ་བཞིན་དུ་ད་ལྟ་རླུང་མཁྲིས་བད་ཀན་སོགས་ན་ཚ༑ དགྲའི་འཇིགས་པ་དང༌། གྱོད་ཁ་མཆུ། དཔོན་པོའ་ིཁྲིམས་ཀྱི་འཇིགས་པ་སོགས་ཐམས་ཅད་རང་གཅེས་པར་བཟུང་ནས་ཟས་ཀྱི་ཚོད་མ་ཟིན་པ་སོགས་དང༌། ལྟོ་གོས་གཏམ་གསུམ་བློས་མ་ཐོངས་པ་དང༌། ནད་མ་ཐེག་པའི་སྐྱོན་ཁོ་ན་ཡིན་ཞིང༌། མཐོ་ས་ནས་འཇིག་རྟེན་གྱི་རྒྱལ་བློན་དང་རྒྱལ་ཁབ་ཕན་ཚུན་འཐབ་པ་ནས་བཟུང་སྟེ། དམའ་ས་ནས་འབངས་མི་ཁྱིམ་སོགས་མི་མཐུན་པ་དང༌། གྲྭ་རྐྱང་ཕན་ཚུན་འཐབ་པ་ཚུན་རང་གཅེས་པར་བཟུང་བའི་སྐྱོན་ཏེ། གཅེས་འཛིན་མ་བྱས་པར། ང་ལ་ཁྱད་པར་མེད་ཁྱོད་གང་དགའ་གྱིས་ཟེར་བ་ཞིག་བྱུང་ན། སྔ་མའི་སྐྱོན་དེ་དག་ཐམས་ཅད་མི་འབྱུང༌། རྐུན་མ། ཇག་པ། ཐ་ན་བྱི་བས་རྩམ་ཁུག་ལ་བུ་ག་ཕུག་ནས་མི་བདེ་བ་བྱུང་བ་ཚུན་ཀྱང་རང་གཅེས་འཛིན་གྱིས་བྱས། དུག་གིས་ཤི་བ་དང་། ཟས་མ་འཕྲོད་ནས་ཤི་བའང་རང་གཅེས་པར་བཟུང་ནས་ཟས་མི་ཟ་དགུ་ཟ་མང་པོ་ཞིག་ཟོས་པ་ལས་བྱུང་ཕྱིར་དུག་གིས་བསད་པ་མིན་གྱི། རང་གཅེས་འཛིན་གྱིས་བསད་པ་ཡིན། ད་རེས་ཕར་གང་ཡང་མ་བྱས་པར་རྐུན་ཁག་བྱུང་བ་ལྟ་བུ་ཡང་རང་གཅེས་འཛིན་གྱིས་གཞན་ལ་གནོད་པ་བསྐྱལ་བའི་འབྲས་བུ་ཡིན། དེར་མ་ཟད། མཐོ་རིས་དང་ཐར་པའི་སྲོག་གཅོད་པའི་བཤན་པ་ལྟ་བུ། དུག་གསུམ་གྱི་རྐྱལ་བ་ཁུར་ནས་དགེ་བའི་ལོ་ཏོག་བརྐུ་བའི་ཆོམ་རྐུན་ལྟ་བུ། མ་རིག་པའི་ཞིང་ས་ལ་ལས་ངན་པའི་ས་བོན་བཏབ་ནས་འཁོར་བའི་ལོ་ཏོག་འགྲུབ་པར་བྱེད་པའི་སོ་ནམ་མཁན་ལྟ་བུ། མདའ་མདུང་གྲི་ཁ་འཐབ་པའི་དཀྱིལ་ཚུན་ནས་ཁེ་ཞིག་ཐོབ་ཏུ་རེ་བའི་བརྣབ་སེམས་མཁན། གྱོང་འདུག་ན་བླ་མ་མཁན་པོ་ཕ་མ་ཚུན་གྱི་ཐོག་ཏུའང་གཡུག་ཕོད་པའི་ཁྲེལ་མེད་གཞུང་ངན་པོ། ཐོག་མེད་ནས་ལེགས་པའི་ཡོན་ཏན་གང་གིའང་དོན་མ་གྲུབ་པའི་སྒྲེན་མོ་ལག་སྟོང་ཅན། རེ་དོགས་མེད་པ་ལ་རེ་དོགས་བྱེད་མཁན། མཐོ་མཉམ་དམན་གསུམ་ལ་ཕྲག་དོག །འགྲན་སེམས། ཁྱད་གསོད་བྱེད་ཅིང༌། བསྟོད་ན་དྲེགས་ཤིང་སྨད་ན་ཁྲོ་བ། འཇིག་རྟེན་གྱི་མི་ལེགས་པ་ཐམས་ཅད་འགུགས་མཁན། མི་དགེ་ཐམས་ཅད་ཀྱི་འབྱུང་ཁུངས། ཐོག་མེད་ནས་རང་ཉིད་སྡུག་བསྔལ་ལ་སྦྱོར་མཁན་ཕུང་བྱེད་འུག་པའི་མགོ་ཅན་དང་འདྲ་བའང་རང་གཅེས་འཛིན་ཡིན་པས། གཏད་རང་གི་སྙིང་དབུས་སུ་ཡོད་པ་ལ། བསྐུལ་དང་གཏོར་མ་བརྒྱག་ན་འདི་ཐོག་ཏུ་བརྒྱག་དགོས་པ་ལས། ངེད་ཚོས་གཏོར་བརྒྱག་གི་སྐབས་དགྲ་ཨམ་ཞིག་ཡིན་ཟེར་ནས་མ་རྒན་སེམས་ཅན་གྱི་སྟེང་དུ་གཏོར་རྒྱག་བྱེད་པ་གོ་ནོར་བ་རེད།
No comments:
Post a Comment