Sunday, 12 July 2015

སྐྱབས་ཐུགས་རྗེ་མ།

༄༅།།སྐྱབས་ཐུགས་རྗེ་མ་བཞུགས་སོ།།

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའོ།།


སྐྱབས་ཐུགས་རྗེའི་བདག་ཉིད་བླ་མ་ཡིད་དམ་ལྷ།། 
བདག་སོགས་སེམས་ཅན་སྐྱེ་འཆིའི་འཁོར་ལོ་སྐོར།། 
ཤ་རུས་བསགས་པས་སྟོང་གསུམ་གང་ཡང་ལྷག།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཟླ་དགུ་ངོ་བཅུ་ལུས་ལ་ཁུར་བའི་མ།། 
ཚ་གྲང་འཐབ་ནས་རུས་པའི་འཕྲང་ལ་བཞུར།། 
ས་ཡི་ཁ་རུ་རྗེན་པར་སྐྱུར་བའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཆོས་མེད་སེར་གཟུགས་ཟོག་པོ་རྒྱལ་སྲས་ང་།། 
ལུས་ཀྱི་རྐང་རྫོགས་ན་སོ་དར་ལ་བབ།། 
སྐྱེ་རྒ་ན་འཆིའི་འཕྲང་ལ་ཐར་བ་མེད།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
དྲང་པོར་སྐྱེས་པའི་རྐེད་པ་སྒུར་ཞིང་འཁྱོགས། 
ཁ་ཡི་སོ་བུད་ཟས་ལ་ཡིད་སྨོན་བྱེད།། 
སྐྲ་དང་ཁ་སྤུ་དཀར་པོར་སོང་བའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།
མཛེས་པའི་བྱད་ལ་གཉེར་མའི་བང་རིམ་ཆགས།། 
བལྟ་བའི་མིག་འགྲིབ་བལྟས་ཀྱང་གཟུགས་མི་གསལ།། 
ཐད་དཀར་ཕྱིན་པའི་གོམ་པ་འཁྱོར་བའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
རྣ་བ་འོན་པས་གཞན་གྱིས་བརྙས་བཅོས་བྱེད།། 
ལུས་ཀྱི་ཤ་ཤོར་རུས་འཁོག་པགས་པས་གཡོགས།། 
ལྟོ་གོས་གཉིས་ལ་གལ་ཆུང་བྱེད་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
རྒས་ཤིང་ཁོག་པས་ངོ་ཚ་སྐྱུག་བྲོ་བྱེད།། 
ཕར་ལ་ལབ་ན་མི་ཉན་ཚུར་ལ་འཐབ།། 
རང་གཞན་གཉིས་ཀ་ཤི་སྨོན་འདེབས་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ལས་ཀྱི་དབང་གིས་འཆི་ནད་དྲག་པོས་བཟུང་།། 
ཉི་ཟླའི་དཀྱིལ་འཁོར་གཟའ་ཡི་གཟུང་བ་བཞིན།། 
ཤ་བཀྲག་བྱད་ཀྱི་གཟི་མདངས་ཡལ་བའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ནད་ཟུག་ལངས་པའི་སྐད་ངན་འཁུན་པ་འཆོར།། 
འབྱུང་བཞི་འཁྲུགས་ནས་ཉིན་ཚན་འཁྱོལ་དུས་མེད།།
མོ་འདེབས་ལྷ་མཆོད་འདྲེ་རྡུང་བྱེད་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
བཟའ་བཏུང་མི་འགྲོ་འཁོར་གྱིས་མཐའ་མ་སྐོར།། 
སྨན་དཔྱད་རིམ་འགྲོ་འབད་ཀྱང་ཕན་པ་མེད། 
རྩ་ཆུ་གཉིས་ཀ་གདན་ཁར་ཤོརབའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
བཅུད་ཆེན་ཟས་ལ་ཞེན་པ་ལོག་པའི་ཚེ།། 
མཆུ་བརྫེས་སྣ་ཞོམ་སོ་ལ་དྲེག་པ་ཆགས།། 
ཡིད་ཁར་འོང་བ་སྔོན་མོའི་ཆུ་ལས་མེད།། 
ཤི་གསོན་འབྲལ་དུས་ཁ་ཆེམས་གཞོག་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཧྲིག་ཧྲིག་མིག་གིས་ཉེ་བའི་གདོང་ལ་བལྟ།། 
ནོམ་ནོམ་ལག་པས་གྲོགས་དང་གོས་ལ་འཆང་།། 
ལུས་ལ་གཤིན་པོའི་དྲི་མ་ཆགས་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཚེ་ཟད་ལུས་ཟད་བེམ་རིག་བྲལ་བའི་ཚེ།། 
དགོང་མོའི་གྲིབ་སོ་སྣུམ་ཟད་མར་མེ་འདྲ།། 
ཡུད་ཙམ་ཞིག་ཀྱང་སྡོད་དབང་མེད་པའི་ཚེ།།
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཀྲད་ཀྲད་ཤད་ཤད་འཆི་འདྲས་ཡང་ཡང་འདོན།། 
ལུས་སེམས་བྲལ་དུས་དབུགས་ཀྱི་འགྱུ་བ་ཆད།། 
ནོར་གཉེན་བསྐྱུར་ནས་གཅིག་པོར་འགྲོ་བའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ས་ཁམས་ཐིམ་པས་ལྟེ་བའི་རྩ་འཁོར་ཞིག།། 
ལུས་ཀྱི་སྟོབས་ཤོར་ཡན་ལག་སྡུད་མི་ཐུབ།། 
བྱད་ལ་རྔུལ་ཆགས་མིག་གཉིས་རྡིབ་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཆུ་ཁམས་ཐིམ་པས་སྙིང་ཁའི་རྩ་འཁོར་ཞིག།། 
ཚོ་བ་ཉམས་པས་ཁ་སྣ་ཕྱི་ནས་སྐམ།། 
སྣ་ཡི་བུ་ག་གཉིས་པོ་སྐམ་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
མེ་ཁམས་ཐིམ་པས་མགྲིན་པའི་རྩ་འཁོར་ཞིག།། 
ལུས་ཀྱི་དྲོད་བསྡོགས་ཟས་སྐོམ་འཇུ་མི་ཐུབ།། 
རྣ་བ་གཡས་གཡོན་དབང་པོ་འགགས་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།
རླུང་ཁམས་ཐིམ་པས་སྤྱི་བོའི་རྩ་འཁོར་ཞིག།། 
ངོར་ངོར་སོག་སོག་ཕྱི་དབུགས་སྡུད་མི་ཐུབ།། 
ཁ་ལྐུག་ལྕེ་ཡི་དབང་པོ་ཉམས་པའི་ཚེ།། 
སྐྱབས་ལ་འབབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
བྱང་སེམས་ཐུར་བབས་དཀར་ལམ་ཤར་བ་དང་།། 
རཀཏ་གྱེན་ལོག་དམར་ལམ་ཤར་བ་དང་།། 
དབུ་མ་འགྱེལ་དུས་ནག་ལམ་འཚུབ་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
རང་བཞིན་བརྒྱད་བཅུའི་རྟོག་པ་རིམ་གྱི་འགགས།། 
འོད་གསལ་རང་བཞིན་ཕྱག་རྒྱ་ཆེན་པོའི་ངང་།། 
བཅོས་མེད་རང་གི་རྒྱུད་ལ་ཤར་བའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
རྩ་བའི་བླ་མས་དབང་བསྐུར་རུས་ཆོག་བྱེད།། 
ཉེ་འབྲེལ་འཚོགས་ནས་རོ་ལ་བཟའ་བཏུང་སྟེར།། 
མིང་ནས་འབོད་ཅིང་བྲང་ལག་འཐབ་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
གཉའ་ལག་བཀུག་ནས་དྲེས་མའི་ཐག་པས་བསྡམ།། 
མཐུན་པའི་གྲོགས་ཀྱི་མཆི་མས་སྐྱེལ་མ་བྱེད།།
འཇམ་པོའི་མལ་ནས་དུར་ས་སྙོགས་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཡང་ན་ཕུང་པོ་རི་བོའི་རྩེ་ལ་སྐྱེལ།། 
ཡན་ལག་སུག་བཞི་རྣོན་པོའི་མཚོན་གྱིས་འཕྲལ།། 
རྒྱུ་མ་གློ་སྙིང་ཐང་ལ་འགྲིམ་པ་དང་།། 
བྱ་དང་སྤྱང་ཀི་ཝ་ཁྱིས་ཟ་བའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཡང་ན་ཕུང་པོ་སྔོན་མོའི་ཆུ་ལ་སྐྱུར།། 
ཁྲག་དང་ཆུ་སེར་སྔོན་མོའི་ཆུ་དང་འདྲེས།། 
ཤ་དང་ཚིལ་བུ་ཉ་སྲམ་ཟ་བའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཡང་ན་ཕུང་པོ་མེ་ཡི་དཀྱིལ་དུ་བསྲེག།། 
ཤ་རུས་པགས་གསུམ་ཐལ་བའི་ཕུང་པོར་གཏོང།། 
དྲི་ཟ་ཕོ་མོ་རྣམས་ཀྱི་སྣོམས་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཡང་ན་ཕུང་པོ་ས་ཡི་འོག་ཏུ་སྦེད།། 
ཤ་རུས་པགས་གསུམ་རུལ་པའི་དྲི་མར་སོང་།། 
འབུ་དང་གྲོག་མ་སྦྲང་བུས་འཇིབ་པའི་ཚེ།།
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
བསགས་པའི་ནོར་ནི་སུས་ཐོབ་སྦར་ཤ་བརྒྱག།། 
ནོར་ཕྱིར་བསགས་པའི་སྡིག་པ་རང་ལ་ཡོད།། 
གཤིན་རྗེའི་གཤེད་མས་ཁྲིམས་རར་ཁྲིད་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ངན་སོང་གསུམ་གྱི་གཡང་སར་ལྷུངས་པའི་ཚེ།། 
རྣམ་ཤེས་རྟེན་མེད་བྱ་སྒྲོ་རླུང་ཁྱེར་འདྲ།། 
དབང་མེད་བར་དོའི་འཕྲང་ལ་ཁྲིད་པའི་ཚེ།། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 
ཚེ་སྟོད་འདི་ནི་སྙོམ་ལས་ངང་ལ་སོང་།། 
ཚེ་སྨད་འདི་ལ་ལེ་ལོ་མ་བྱེད་ཅིང་།། 
ཚེ་དང་སྒྲུབ་པ་མཉམ་པའི་ཞེན་བཅད་ཤོག། 
སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ།། 
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།། 


ཨོཾཎིཔདྨེཧཱུྃ་ཧྲཱི

No comments:

Post a Comment