Saturday, 4 July 2015

འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་ཀྱི་སྒོ་ནས་སྒོམ་སྟངས།

༄༅།། འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས།།

འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས། །མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཟབ་ཅིང་རྒྱ་ཆེ་བླ་མེད་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཐོག་མེད་ནས་བསགས་ལས་དང་ཉོན་མོངས་རྣམས། །ཐུགས་རྗེའི་ཆབ་ཀྱིས་མྱུར་དུ་དག་མཛད་ནས། །ཐུགས་རྗེའི་ཕྱག་བརྐྱང་བདག་དང་འགྲོ་བ་ཀུན། །བདེ་བ་ཅན་གྱི་ཞིང་དེར་དྲངས་སུ་གསོལ། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང་། །མྱུར་དུ་སངས་རྒྱས་ས་ལ་བཞག་ཏུ་གསོལ།། །།

No comments:

Post a Comment