ད་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ལུགས་ཀྱི་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བ་འཆད་པ་ལ། དེ་ཡང་རྒྱུ་འབྲས་བདུན་མའི་སྒོ་ནས་སྔར་བཤད་པ་ལྟར་སྦྱངས་པས་ཀྱང་བྱང་སེམས་སྐྱེ་མོད། འོན་ཀྱང་བློ་དེ་ཤུགས་དྲག་པའི་ཕྱིར་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བ་ལ། ཕྱི་མ་འདི་སྔར་བཀའ་དམ་པར་མཛད་ཅིང༌། འདི་དང་གཏོང་ལེན་གཉིས་ཟུར་དུ་བཀོལ་བ་ལ། བློ་སྦྱོང་ཞེས་གྲགས། བདག་གཞན་བརྗེ་བའི་ཆོས་འདི། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། ། ཞེས་གསུངས་པ་ལྟར་སྣོད་མིན་གྱི་བློར་མི་ཆུད་པས། ཇོ་བོ་ཆེན་པོ་ནས། མཆད་ཁ་བའི་བར་ལྐོག་ཆོས་སུ་མཛད་ནས་བཀའ་རྒྱ་མར་གནང༌། བློ་སྦྱོང་གི་སྐོར་ལ། རྨ་བྱ་དུག་འཇོམས་སོགས་མང་ཡང་བློ་སྦྱོང་གི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ནི། དོན་བདུན་མར་གྲགས་པ་འདི་ཉིད་ཡིན་པས་འདི་བསྟན་ནས་ཉམས་སུ་བླང་ན་སྔ་མ་བས་ཀྱང་ཕན་ཚབས་ཆེ་བའི་ཕྱིར་ད་ལམ་འདིར་དོན་བདུན་མའི་རྩ་བའི་ཡིག་རྙིང་གི་སྟེང་ནས་ཁྲིད་འབུལ་བ་ཡིན། འདི་ལ་བཤད་ལུགས་མི་འདྲ་བ་མང་ཡང་ད་རེས་འདིར་དངུལ་ཆུ་ཡབ་སྲས་ཀྱི་ཁྲིད་རྒྱུན་ལྟར་བྱེད་པ་ཡིན་པས། དང་པོར་མཛད་པ་པོའ་ིཆེ་བ་སྟོན་པ་ཐུབ་པའི་དབང་པོ་ནས་བརྒྱུད་དེ་ཇོ་བོ་ཆེན་པོའ་ིབར་དང༌། དེས་འབྲོམ་རིན་པོ་ཆེར་བཀའ་རྒྱ་དང་བཅས་གནང༌། དེས་སློབ་མ་རྣམས་ལ་ལམ་རིམ་ཚོགས་ཆོས་དང༌། འདི་གསང་བའི་སྒོ་ནས་པོ་ཏོ་བ་སོགས་ལ་གནང་ཞིང༌། པོ་ཏོ་བས་གླང་ཤར་གཉིས་ལ་གནང༌། ཤ་ར་བས་ཁོང་གི་སློབ་མ་བྱང་ཆུབ་སེམས་ཀྱི་བཀའ་བབ་པ་དགེ་བཤེས་མཆད་ཁ་བ་ལ་གནང་ཞིང༌། མཆད་ཁ་བའི་སྐུ་དུས་ནས་ཚོགས་ཆོས་སུ་བྱུང་བ་ཡིན་ལ། དགེ་བཤེས་མཆད་ཁ་བ་ནི་རྙིང་མའི་སྔགས་འཆང་ཆེན་པོ་ཞིག་གི་གདུང་རྒྱུད་དུ་འཁྲུངས། རིག་གནས་ལྔ་སོགས་ལ་ཤིན་ཏུ་མཁས་ཀྱང་མ་ཚིམ་པར། ཁེ་དང་རྒྱལ་ཁ་གཞན་ལ་བཏང༌། །གྱོང་དང་བུབ་ཁ་རང་གིས་ལེན། །ཞེས་སོགས་གླང་ཐང་པའི་བློ་སྦྱོང་ཚིགས་བརྒྱད་མ་གཟིགས་པའི་དོན་རྩད་བཅད་པར་བྱོན་པ་ན། གླང་ཐང་པ་གཤེགས་ཟིན་ཤུལ་ཤ་ར་བ་དང་མཇལ་ནས། བློ་སྦྱོང་གི་གདམས་ངག་ཞུས་ཏེ་བསྒོམས་པས་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས། མཛེ་ནད་ཅན་མང་པོར་ཡང་གདམས་པ་འདི་གནང་ནས་བསྒོམས་པས་ནད་ལས་གྲོལ་བས་མཛེ་ཆོས་སུ་གྲགས་པའང་བྱུང༌། ཕྱིས་གསང་ཆོས་སུ་བྱས་ན་ཤིན་ཏུ་ཕངས་པར་དགོངས་ནས་ཚོགས་བཤད་དུ་གནང་སྟེ། དེ་ཉིད་ཡི་གེར་བཀོད་པ་དོན་ཚན་བདུན་དུ་བཅད་པའི་བློ་སྦྱོང་དོན་བདུན་མ་འདི་མཛད། མན་ངག་བདུད་རྩིའི་སྙིང་པོ་ཞེས་པ་ནི། འཆི་བ་མེད་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་གདམས་པའི་མཐར་ཐུག་བློ་སྦྱོང་ལ་བྱེད། ཆོས་ཀྱི་ཆེ་བ། རྡོ་རྗེ་ཕ་ལམ་དང་འདྲ་ཚུལ་སྔར་ཕན་ཡོན་གྱི་སྐབས་ཞུས་པ་ལྟར་དང་། ཉི་མའི་འོད་ཀྱི་ཆ་ཤས་ཙམ་གྱིས་ཀྱང་མུན་པ་སེལ་ནུས་པ་བཞིན་གཅེས་འཛིན་གྱི་མུན་པ་སེལ་བ་དང༌། སྨན་གྱི་ལྗོན་ཤིང་ཅུང་ཟད་ཙམ་གྱིས་ཀྱང་ནད་སེལ་ནུས་པ་ལྟར་གཅེས་འཛིན་གྱི་ནད་སེལ་བ་དང༌། སྙིགས་མ་ལྔ་བདོར་ཆོས་ལམ་དུ་མི་འགྲོ་བའི་སྐབས་བློ་སྦྱོང་གིས་གྲོགས་བྱས་ནས་རྐྱེན་ངན་གྱིས་མི་འཁྲུགས་པ་སོགས་ཀྱི་ཆེ་བ་དུ་མ་དང་ལྡན།
No comments:
Post a Comment