གཅེས་འཛིན་ལ་ལྟས་ངན་བྱེའུ་མགོ་སྔོན་དང༌། བློ་སྦྱོང་ལ་འགོང་པོ་འགོང་རྫོང་གི་ཆོས་ཞེས་གསུངས་པའང་དེའི་གནད་ཀྱིས་ཡིན། སྔར་གཅོད་པ་ཞིག་གིས་བཙན་གྱི་གནས་ས་འཕྲོགས་ཏེ་བསྡད་པའི་འཕྲུལ་གྱིས། ཉིན་གཅིག་གཅོད་པའི་སྦྱིན་བདག་གཉིས་འཐབ་རྩོད་བྱུང་བ་ན། གཅོད་པ་དེས་སྦྱིན་བདག་གཉིས་ལ་བར་འདུམ་བྱེད་པར་སོང་བས་སྦྱིན་བདག་གཅིག་གིས་མཚོན་འཕངས་པ་གཅོད་པ་ལ་ཐེབས་ཏེ་བསད་ཚུལ་བདག་གི་བླ་མ་རིན་པོ་ཆེས་གསུངས། དེ་ལྟ་བུའི་གྲིར་ཤི་བ་སོགས་ཀྱི་རྩ་བའམ་ལན་རྩ་ཡང་རང་གཅེས་འཛིན་འདི་ཁོ་ན་ལ་ཐུག་ཅིང༌། སྤྱོད་འཇུག་ལས་ཀྱང༌། ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང༌། ། ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་སྒྲུབ། །ཅེས་གསུངས་པ་བཞིན། རང་རེ་འཁོར་བ་ཐོག་མེད་ནས་སྡུག་ཏུ་འཇུག་མཁན་ནི་རང་གཅེས་འཛིན་འདི་ཉིད་ཡིན། བདག་གཅེས་འཛིན་དང་བདག་འཛིན་གཉིས་སོ་སོ་ཡིན་ཡང་བློ་སྦྱོང་ལས་གཅིག་ལྟ་བུར་གསུངས་པ་དེ་གཉིས་ཕྱོགས་མཐུན་པས་ཡིན། མདོར་ན་དེ་གཉིས་ནི་ཉེས་པ་ཀུན་གྱི་རྩ་བ་ལྟ་བུ་སྟེ། གཅིག་གིས་ང་ང་སྙམ་དུ་ང་བདེན་གྲུབ་ཏུ་བཟུང་ཞིང༌། གཅིག་གིས་ང་བློས་མ་ཐོངས་པར་གཅེས་པར་བཟུང་ནས་བསྡད་ཡོད་པ་ཡིན། མདོར་ན་ཉེས་པ་ཐམས་ཅད་ང་བདེ་བ་ཞིག་དགོས་ཞེས་བློ་ཕུགས་སུ་བཞག་པ་དེ་ལས་བྱུང༌།
དེ་ལྟར་རང་གཅེས་འཛིན་མ་བཏུལ་ན་སྐྱིད་མི་འབྱུང་བས། དེ་སྔོན་རང་ལ་སྡུག་བསྔལ་བྱུང་བའི་ལན་རྩ་རྩད་མ་བཅད་པས་ལན་པར་འདུག། ད་ཕྱིན་ཆད་ལན་རྩ་རྩད་ཆོད་པས་རང་གཅེས་འཛིན་འདི་ལ་དགྲར་བལྟས་ཏེ་སྤོང་ཐབས་བྱ་དགོས་གསུངས།
No comments:
Post a Comment