བཞི་པ་ཡིད་འོང་གི་བྱམས་པ་བསྒོམ་པ་ལ། དེའི་རྣམ་པ་ནི་སེམས་ཅན་རྣམས་སྙིང་དུ་སྡུག་ཅིང་གཅེས་ལ་ཕངས་པའི་རྣམ་པར་འཆར་བ་ཞིག་སྟེ། དགེ་བཤེས་པོ་ཏོ་བས་ཨ་མ་རྒན་མོ་ཞིག་ལ། ཡིད་འོང་གི་བྱམས་པ་ནི་ཁྱོད་ཀྱི་བུ་ཐོད་ལེ་ཀོར་ལ་ཇི་ལྟར་བྱམས་པ་དེ་ལྟར་ཡིན། གསུངས་པ་ལྟར་རང་ཉིད་འཁོར་བ་དང་ངན་སོང་སེམས་ཅན་ཐམས་ཅད་བུ་ཡིད་དུ་འོང་བ་དང་འདྲ་བར་མཐོང་བ་ལ་ཡིད་འོང་གི་བྱམས་པ་ཟེར། འདི་ལ་དམིགས་པ་ལོགས་སུ་མི་དགོས་པར་གོང་གི་མར་ཤེས་དྲིན་དྲན་དྲིན་གཟོ་གསུམ་ལ་སྔོན་དུ་མྱོང་བ་ཐོན་ཡོད་ན་འདི་རང་ཤུགས་ཀྱིས་འབྱུང་བས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཟག་མེད་ཀྱི་
བདེ་བ་ལྟ་ག་ལ་ཡོད་དེ་ཟག་བཅས་ཀྱི་བདེ་བ་ཙམ་ཡང་མི་འདུག །ད་ལྟ་ཁོ་རང་ཚོས་བདེ་བར་རློམ་པ་དེ་ཡང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། ད་ནི་སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་ན་ཅི་མ་རུང༌། ལྡན་པར་གྱུར་ཅིག །དེ་ལྟ་བུ་དང་ལྡན་པ་ཞིག་བདག་གིས་བྱའོ་སྙམ་དུ་བསམ། དེ་ལྟར་བྱམས་པ་བསྒོམས་པའི་ཕན་ཡོན་ནི། རིན་ཕྲེང་ལས། རྫིའུ་
ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང༌། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་སྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌། །འབད་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་
མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་གསུངས་པ་ལྟར། བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་པ་སོགས་ཕན་ཡོན་ཤིན་ཏུ་ཆེའོ། །བྱམས་པ་བསྒོམ་པ་འདིའི་དམིགས་ཡུལ་དུ་ཅི་ཙམ་ཁྱབ་པས། དེ་ཙམ་ལ་དབང་བའི་འཁོར་བསྒྱུར་དང་ཚངས་པར་སྐྱེ་བར་འགྱུར། འདི་ལ་ཚངས་པའི་གནས་ཞེས་བྱ་བའང་དེའི་ཕྱིར་ཡིན་ལ། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་
ཅན་ཐམས་ཅད་ལ་དམིགས་པས་ནི། ཚངས་པ་ཆེན་པོ་མི་གནས་པའི་མྱང་འདས་འཐོབ་པར་འགྱུར་རོ།།
No comments:
Post a Comment