Tuesday, 16 June 2015

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ། བྱང་ཆུབ་ཏུ་སེམས་སྦྱོང་བའི་རིམ་པ་དངོས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ། དྲུག་པ་ལྷག་བསམ་ནི།


དྲུག་པ་ལྷག་བསམ་ནི། མའི་ཁུར་བུ་ལ་བབས་པ་བཞིན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང༌། བདེ་བ་ཐམས་ཅད་སྒྲུབ་པའི་ཁུར་རང་གིས་ཁྱེར་ནས་སངས་རྒྱས་ཀྱི་ས་ལ་བདག་རང་གིས་འགོད་ཅེས་ཐག་བཅད་པ་ནི། ཉན་རང་ལས་ལྷག་པའི་བསམ་པ་སྟེ། དཔེར་ན་མི་ཞིག་གཡང་དུ་ལྷུང་བ་མཐོང་བ་མ་བཟོད་ནས་དེ་འདོན་མཁན་བྱུང་ན་ཅི་མ་རུང་སྙམ་པ་ལྟ་བུ་ནི་བྱམས་པ་སྙིང་རྗེ་གཉིས་དང་མཚུངས་ཤིང༌། དེ་ལྟར་མ་བཞག་པར་རང་གིས་འདོན་རྒྱུར་བློ་ཐག་བཅད་པ་ནི་ལྷག་བསམ་དང་འདྲ་བས། སྤྱིར་བྱམས་པ་དང་སྙིང་རྗེ་ཙམ་ཉན་རང་ལ་ཡོད་ཀྱང༌། ལྷག་བསམ་དེ་འདྲ་ཉན་རང་ལ་མེད། ལྷག་བསམ་འདི་དང་དྲིན་གཟོའ་ིསྐབས་ཀྱི་ཁུར་ཁྱེར་ལུགས་ནི། དཔེར་ན་ཚོང་པས་ནོར་རྫས་ཉོ་བར་རྩོམ་པ་དང༌། ཚོང་ཐག་བཅད་པ་བཞིན་གྱི་བློ་ཐག་བཅད་པ་དང༌། མ་བཅད་པའི་ཁྱད་པར་ཡིན་ཞེས་བླ་མ་རིན་པོ་ཆེས་གསུང་གསུངས།

No comments:

Post a Comment