ལྔ་པ་སྙིང་རྗེ་ཆེན་པོ་ནི། སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཉེ་རྒྱུ་གྲུང་པོ་ཞིག་ཡིན་ལ། རྗེ་རིན་པོ་ཆེས་ཀྱང༌། ལམ་རིམ་ཆེན་པོའ་ིནང་བྱང་ཆུབ་སེམས་སྦྱོང་གི་རིམ་པའི་ས་བཅད་མཛད་པ་ན། སྙིང་རྗེ་ཆེན་པོ་ཐེག་ཆེན་གྱི་ལམ་གྱི་རྩ་བར་བསྟན་པ་དང༌། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་འབྲས་སུ་འགྲོ་ཚུལ་ཞེས་དམིགས་ཀྱིས་བསལ་ཏེ་གསུངས་ལ། མདོ་ལས་ཀྱང༌། འཁོར་བསྒྱུར་གྱི་འཁོར་ལོ་དང༌། མིའི་སྲོག་གི་དབང་པོ་ལྟར་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་ཀྱང་འདི་ལ་རག་ལས་པར་གསུངས་ཤིང༌། དཔལ་ལྡན་ཟླ་བས་ཀྱང་འཇུག་པ་བརྩམས་པའི་ཐོག་མར། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། །ཞེས་གསུངས་པ་བཞིན། ཐོག་མར་ཐེག་ཆེན་དུ་ངེས་པར་བྱེད་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྩ་བར་གྱུར་པས་ས་བོན་ལྟར་གལ་ཆེ་བ། བར་དུ་རྒྱལ་སྲས་ཀྱི་སྤྱོད་པར་མི་ཞུམ་པའི་གོ་ཆའི་བརྩོན་འགྲུས་སྐྱེད་པས་ཆུ་ལུད་ལྟར་གལ་ཆེ་བ། ཐ་མར་སངས་རྒྱས་ཐོབ་ནས་ཀྱང་གཞན་དོན་འཕྲིན་ལས་རྒྱུན་མི་འཆད་པར་བྱེད་པས་འབྲས་བུ་ལ་ལོངས་སྤྱོད་པ་ལྟར་གལ་ཆེ་བའོ།། བྱང་ཆུབ་ཀྱི་སེམས་ཤུགས་དྲག་ལོད་ཀྱང་འདིའི་རྗེས་སུ་འགྲོ་ཞིང༌། བྱང་སེམས་རྣམས་ཀྱང་ས་ལམ་བགྲོད་ཚུལ་མྱུར་བུལ་སྣ་ཚོགས་འབྱུང་བའི་རྩ་བ་སྙིང་རྗེ་ཤུགས་ཆེ་ཆུང་ལས་བྱུང༌། བྱང་ཆུབ་སེམས་དཔའ་སྔགས་ལ་ཞུགས་ནས་མྱུར་ལམ་འཚོལ་ཞིང༌། བགྲོད་པ་ཤིན་ཏུ་མྱུར་བ་ཡང་སྙིང་རྗེའི་སྟོབས་ཏེ། བུ་མེ་དོང་དུ་ལྷུང་ན་དེའི་ཕ་མས་མྱུར་དུ་འདོན་ལ། ཉེ་འབྲེལ་གྱིས་དེ་མ་ཐག་འདོན་མི་ནུས་པ་ལྟ་བུའི་སྙིང་རྗེའི་ཤུགས་དྲག་ཞན་གྱིས་བྱུང་བ་ཡིན། སྙིང་རྗེ་འདི་བསྒོམ་པ་ན་ཐོག་མར་བཤན་པས་གསོད་བཞིན་པའི་ལུག་ལྟ་བུ་ལ་དམིགས་ནས་བསྒོམ་ན་སྐྱེ་སླ་སྟེ། འདི་ལྟར་གནམ་ས་མགོ་མཇུག་ལྡོག་པ་་གན་རྐྱལ་དུ་བསྒྱེལ། ཡན་ལག་ནི་ཐ་གུས་བཅིངས། ཤེད་རྒྱགས་ཀྱང་མི་ཐུབ། སྲོག་ལ་བབ་པར་ནི་མངོན་སུམ་དུ་ཤེས། བྲོས་པས་ནི་མི་ཐར། མགོན་དང་སྐྱབས་མེད་པར་མིག་མཆི་མ་ཙ་རེར་བཤན་པའི་གདོང་དུ་རིག་རིག་ཏུ་བལྟ་བཞིན་འཇིགས་སྐྲག་དང་སྡུག་བསྔལ་མི་བཟད་པའི་ངང་ནས་གསོད་ལུགས་ངན་པ་སྣ་ཚོགས་ཞིག་གིས་འཆི་ལུགས་ལ་བསམ་དགོས། རང་རེས་དེ་ལྟར་གསོད་པར་མཐོང་བ་ན། ལུག་དེས་ཅང་བསམ་ཨེ་ཤེས་ན་སྙམ་ཡང༌། སྔོན་བཤན་པ་ཞིག་གིས་ལུག་མང་པོ་གསོད་སྐབས། སྔ་མ་འགའ་བསད་ཟིན་ནས། གཅིག་གསོད་རྒྱུར་ཐག་པས་བསྡམས་པའི་བར་དེར། བཤན་པའི་གྲི་དེ་ལུག་གཅིག་གི་ཉེ་འགྲམ་ན་ཡོད་པ། ལུག་དེས་གྲི་དེ་ལ་ལག་པས་ས་བཀབ་སྟེ་སྦ་བའི་ཚུལ་བྱས་པའི་རབས་ལྟར་འཇིགས་སྐྲག་དང་སྡུག་བསྔལ་བཟོད་དཀའ་བ་ཡོད། དེ་ལྟར་ཅི་དྲག་ལ་ཐུག་པ་དེ་བཞིན་དུ་ད་ལྟ་གསོད་སར་མ་སླེབས་པར། རི་ལ་རྩྭ་ཁར་འགྲིམ་པའི་ལུག་དེ་དག་ཀྱང༌། སྔ་ཕྱིའི་ཁྱད་ཙམ་ལས་དེ་དང་ཁྱད་པར་མེད་པ་ཞིག་འོང༌། དེ་དག་ཚེ་རབས་སྔ་མའི་རང་གི་མ་བྱས་ཚུལ་བསམས་ནས་སྙིང་རྗེ་བསྒོམ། དེ་ལ་མྱོང་བ་སྐྱེས་པ་ན། སྔར་རང་སྟེང་དུ་བསྒོམས་པའི་ངན་སོང་གི་སྡུག་བསྔལ་རྣམས་བསམས་ཏེ། སེམས་ཅན་གཞན་རྣམས་ཀྱང་དེ་ལྟར་སྡུག་བསྔལ་མྱོང་དང་མྱོང་བཞིན་པ་རྣམས་བསྒོམས་ནས། ཨ་མ་དེ་དག་འགའ་ཞིག་ནི་དམྱལ་བར་ལྕགས་སྲེག་ཏུ་བསྲེག །ཁྲོ་ཆུར་འཚོད། འགའ་ཞིག་ནི་ཡི་དྭགས་སུ་སྐྱེས་ནས་བཀྲེས་སྐོམ་གྱིས་གདུང་བ་སོགས་བསམས་ནས་སྙིང་རྗེ་བསྐྱེད། དེ་ལ་སྙིང་རྗེ་སྐྱེས་པ་ན། དཔེར་ན། རི་ལ་ཡོད་པའི་ལུག་དང་གསོད་བཞིན་པའི་ལུག་གཉིས་གསོད་པ་སྔ་ཕྱི་ཙམ་ལས་ཁྱད་མེད་པ་བཞིན། ད་ལྟ་མི་ཡུལ་ན་སྡིག་པ་བྱེད་པར་ཕོ་སྐྱེན་མདོག་ཁ་བ་རྣམས་ཀྱང་ངན་སོང་དུ་ལྟུང་བར་ངེས་པས་ད་ལྟ་ལྷུང་ཟིན་པ་རྣམས་དང་ཁྱད་མེད་ཚུལ་བསམ། དེ་ནས་ཚེ་འདིའི་ཨ་མས་ཀྱང་སྡུག་བསྔལ་གྱི་རྒྱུ་ལ་ལོངས་སྤྱོད་པ་ལ་སྙིང་རྗེ་བསྒོམ། དེ་ནས་གཉེན་འབྲེལ་སོགས་གཞན་རྣམས་ཀྱིས་ཀྱང་ཚེ་འདིའི་སོ་ཚིས་སྡིག་ལྟུང་ཁོ་ན་ལ་བརྩོན་ཞིང༌། ད་ལྟ་མཐོ་རིས་ཀྱི་གནས་སྐབས་ནའང་སྡུག་བསྔལ་གསུམ་གྱིས་མནར་བཞིན་དུ། ད་དུང་དེ་ལས་ཆེས་ཆེ་བའི་ངན་འགྲོའ་ིསྡུག་བསྔལ་མྱོང་འགྱུར་གྱི་རྒྱུ་ལ་བརྩོན་པ་དང༌། དེར་མ་ཟད། སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་སྤྱད་སྤྱད་པ་ཡིན་པས་ཨ་མ་དྲིན་ཅན་འདི་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང༌། དེ་ལྟར་བདག་གིས་བྱའོ། །ཞེས་སྙིང་རྗེ་ཆེན་པོ་བསྐྱེད་ཅིང༌། སྐྱེ་དཀའ་བ་རྣམས་ལ་དམིགས་སུ་བཀར་ཏེ་བསྒོམ། ཚངས་པ་སོགས་ལ་སྐྱེ་དཀའ་ན་སྐྱེས་བུ་འབྲིང་གི་སྐབས་ལྟར་བསམས་པས་སྐྱེ་བ་འོང༌།
སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་པའི་ཚད་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཨ་མས་བུ་གཅེས་པ་ནད་དྲག་པོ་ལྟ་བུའི་སྡུག་བསྔལ་ཅན་ཞིག་ལ་སེམས་པ་བཞིན་བཟའ་བཏུང་གི་ཚེ་ཚུན་ཆད་དུ་བྱུང་ན་སྐྱེས་པ་ཡིན་ཞིང༌། དེ་ཡང་སྡུག་བསྔལ་ལས་བྲལ་འདོད་ཙམ་གྱི་སྙིང་རྗེ་ནི༑ ཉན་རང་དང་ཐུན་མོང་བའི་སྙིང་རྗེ་ཡིན་ལ། སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཡིན་པས་ཕྱི་མ་འདི་བསྐྱེད་པར་བྱེད། དེས་ན། འདི་དག་སྐྱེ་དཀའ་ཡང་སྐྱེ་ཐབས་ལ་བརྩོན་པ་ཆེན་པོ་བསྐྱེད་དེ་འབད་དགོས། སྔར་རང་ཉིད་ན་མྱོང་བའི་ནད་དྲག་པོ་དེ་འདྲ་ཞིག་མི་གཞན་ན་བ་མཐོང་ན་རང་ཉིད་ཀྱི་མྱོང་བ་རྒྱུ་མཚན་དུ་བྱས་ནས་སྙིང་རྗེ་སྐྱེ་བ་བཞིན། སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་རང་སྟེང་དུ་ལེགས་པར་བསྒོམས་པ་རྣམས་ལ་སྐྱེ་སླ། སེམས་ཅན་ལ་གཅེས་ཤིང་ཕངས་པའི་ཡིད་འོང་གི་བྱམས་པ་དང༌། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་གཉིས་བྱམས་པར་མཚུངས་ཀྱང་སྤྱི་བྱེ་བྲག་ལྟ་བུའི་ཁྱད་པར་ཅུང་ཟད་ཡོད། ཡིད་འོང་གི་བྱམས་པ་ནི་མར་ཤེས་དྲིན་དྲན་དྲིན་གཟོ་གསུམ་གྱིས་དྲངས་ཤིང༌། དེས་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་པས་སྙིང་རྗེ་ཆེན་པོའ་ིསྔོན་དུ་ངེས་པར་འགྲོ་དགོས། བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང་སྙིང་རྗེ་ལ་རྒྱུ་འབྲས་གོ་རིམ་གྱི་ངེས་པ་མེད། ལམ་རིམ་ཆེན་མོར་དྲིན་གཟོའ་ིམཇུག་ཐོགས་དེར་བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་བསྒོམ་ཚུལ་གསུངས་པ་ལྟར་འགའ་ཞིག་ལ་དེ་ལྟར་སྙིང་རྗེའི་སྔོན་དུ་བསྒོམ་ནའང་རུང་མོད། སྐྱོང་ཚུལ་མན་ངག་ལུགས་ལྟར་བྱེད་ན་བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་སྙིང་རྗེའི་རྗེས་སུ་བསྒོམ། དེ་ནས་ལྷག་བསམ་ལ་འཇུག་པ་ཡིན་པས་དེ་ལྟར་ན་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་གཙོ་བོར་མཚམས་འདིར་བསྒོམ་ཞིང་། ལམ་རིམ་ཆེན་མོའ་ིས་བཅད་ལྟར། སྙིང་རྗེའི་སྔོན་དུའང་ཡིད་འོང་གི་བྱམས་པ་དང་སྦྲགས་ནས་ཅུང་ཟད་བསམ་དགོས་གསུངས།
No comments:
Post a Comment