Tuesday, 30 June 2015

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ། བྱང་ཆུབ་ཏུ་སེམས་སྦྱོང་བའི་རིམ་པ་དངོས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ། བདུན་པ་སེམས་བསྐྱེད་པ། ཁ།

འདི་གཅིག་སྐྱེས་ན་དེས་རང་གཞན་གཉིས་ཀྱི་དོན་འབྱུང་སྟེ། སྔར་ཡུལ་ཁམས་གཅིག་ལ་མུ་གེ་བྱུང་སྟེ་མི་ཚང་ཞིག་གི་ཕ་བུ་ཐམས་ཅད་ཤི་བར་ཉེ་བ་ན། ཉིན་གཅིག་ཤ་གཟུག་ཅིག་བྱུང་བ་དང༌། ཕ་དེས་བསམ་པར། དེ་ཉིད་ཐམས་ཅད་ལ་བགོས་ཏེ་ཟོས་ཀྱང༌། ཉུང་ངུ་རེ་ལས་མི་ཐོབ་པས་བཀྲེས་པ་མི་སེལ་ཞིང་ཡུད་ཙམ་ལས་མི་བརྟན་པར་ཤེས་ནས། དེ་བས་འདི་ཚང་མ་རང་གིས་ཟོས་ནས་ཟས་ཚོལ་བར་འགྲོ་ནུས་པའི་སྟོབས་བསྐྱེད་ལ། དེ་ནས་ཁོང་ཚོ་གསོ་སྙམ་ནས་ཤ་ཐམས་ཅད་ཕ་དེས་ཟོས་ཏེ་ཟས་ཚོལ་བར་ཕྱིན་ནས་ཐམས་ཅད་གསོས་པ་བཞིན་ནོ། །དེས་ན་གསང་སྔགས་ཉམས་སུ་ལེན་པ་དང༌། མ་ཎི་ཕྲེང་སྐོར་གཅིག་བགྲང་བ་ཚུན་དང༌། གྲྭ་རྐྱང་ལྟ་བུས་ཚོགས་ཆོས་གྲྭ་ཐེངས་གཅིག་འགྲིམ་པ་ཚུན་ཀྱང་སེམས་འདིས་ཟིན་པའི་སྒོ་ནས་བྱེད། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་རྩོལ་བཅས་ཀྱི་མྱོང་བ་ཐོན་ན་བུ་རམ་གྱི་ཤུན་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཡིན།

དེ་ཙམ་དུ་མ་ཟད། སེམས་ཅན་མཐོང་ཙམ་ནས་དེའི་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་སེམས་ལ་རྩོལ་མེད་ཀྱི་མྱོང་བ་ནམ་ཐོན་པ་ན་བྱང་ཆུབ་ཀྱི་སེམས་དངོས་གནས་པ་རྒྱུད་ལ་སྐྱེས་པ་ཡིན་པས། དེས་ཐེག་པ་ཆེན་པོའ་ིཚོགས་ལམ་དུ་ཞུགས་ཤིང༌། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གསོག་པའི་འགོ་རྩོམ་པ་ཡིན། དེ་ལྟ་བུའི་མྱོང་བ་ཐོན་ན་བྱང་ཆུབ་སེམས་དཔའ་དང་རྒྱལ་བའི་སྲས་ཞེས་བྱ་བའི་མིང་ཐོབ་པ་སོགས་ཡོན་ཏན་མཐའ་ཡས་པ་འབྱུང༌། དེའི་ཐོག་སྔགས་ལམ་གྱི་སྣོན་མ་བཏབ་ནས་ཉམས་སུ་བླང་ན་འཚང་རྒྱ་བ་ལ་མྱུར་ངེས་ཤེས་པ་འོང༌། སེམས་བསྐྱེད་ལ་ངོ་བོའ་ིསྒོ་ནས་སྨོན་འཇུག་གཉིས་དང༌། ས་མཚམས་ཀྱི་སྒོ་ནས་མོས་སྤྱོད་སོགས་བཞི་དང༌། སེམས་བསྐྱེད་ཚུལ་གྱི་སྒོ་ནས་རྒྱལ་པོ་ལྟ་བུ་སོགས་གསུམ་དང༌། གཞན་ཡང་སེམས་བསྐྱེད་ཉེར་གཉིས་སོགས་ཀྱི་རྣམ་གཞག་ཀྱང་ཤེས་པ་གལ་ཆེ་གསུངས། དེས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་པ་སོང་ནས།

No comments:

Post a Comment