Thursday, 18 June 2015

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ། བྱང་ཆུབ་ཏུ་སེམས་སྦྱོང་བའི་རིམ་པ་དངོས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ། བདུན་པ་སེམས་བསྐྱེད་ནི།

བདུན་པ་སེམས་བསྐྱེད་ནི། དེ་ལྟར་ཁུར་དུ་ཁྱེར་བ་ན། རང་ལ་དེ་འདྲའི་ནུས་པ་ཨེ་ཡོད་བརྟག་ན། རང་ལ་ནི་སེམས་ཅན་གཅིག་གི་དོན་བྱེད་པའི་ནུས་པའང་མེད། འོན་ཀྱང་དོན་བྱེད་པར་ནུས་མཁན་ཞིག་བཙལ་ནས། དེའི་གོ་འཕང་ཐོབ་པར་ཨེ་ནུས་བལྟ་དགོས་པས། རེ་ཞིག་འཇིག་རྟེན་འདིར་ཆེ་བ་ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་ནི། སེམས་ཅན་གྱི་དོན་ཆ་ཙམ་ཡང་མི་ནུས་ཤིང༌། ཉན་རང་དགྲ་བཅོམ་པ་ཡང་འཆིང་བ་ཐམས་ཅད་མ་སྤངས་པས། སེམས་ཅན་གྱི་དོན་ཡང་དེ་ལྟ་བུ་ཞིག་ལས་མི་ནུས། བྱང་སེམས་ས་དང་པོ་བ་ལྟ་བུར་སེམས་ཅན་གྱི་དོན་མཛད་པ་ཤིན་ཏུ་རྒྱ་ཆེ་ཡང་དེས་སྐྱེ་བ་གཅིག་ཐོགས་ཀྱི་བྱང་སེམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཆ་ཙམ་མི་བསྒྲུན་ལ། དེས་ཀྱང་བྱང་སེམས་སྲིད་པ་ཐ་མ་པ་བྱང་ཆུབ་ཤིང་དྲུང་གི་གནས་སྐབས་ཀྱི་ཉིན་གཅིག་གི་སེམས་ཅན་གྱི་དོན་གྱི་ཆ་ཤས་ཙམ་ཡང་མི་བསྒྲུན་ནོ། །བྱང་ཆུབ་ཀྱི་ཤིང་དྲུང་གི་སེམས་དཔའི་སེམས་ཅན་གྱི་དོན་འབྱུང་བ་དེས་ནི། སངས་རྒྱས་ཀྱི་དཔེར་ཡང་མི་བཟོད་པ་ནམ་མཁའ་དང་ལག་མཐིལ་ཙམ་གྱི་ཁྱད་ཡོད་པས་དེས་ན་སེམས་ཅན་གྱི་ཁམས་དང་བསམ་པ། རྒྱུད་ཚོད་དང་མཐུན་པར་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་འགྲན་ཟླ་མེད་པ་ནི། སངས་རྒྱས་ཉིད་ཡིན་ཞིང༌། དེའི་གོ་འཕང་ཐོབ་ན་ཡོན་ཏན་འདི་དང་འདི་ཞེས་སྔར་སྐྱབས་འགྲོའ་ིསྐབས་ཀྱི་ཡོན་ཏན་རྣམས་འདིར་སྦྱར་ནས། གཞན་དོན་བྱེད་པ་ལ་རྣམ་མཁྱེན་ཐོབ་པ་མེད་མི་རུང་དུ་ངེས་པ་བསྐྱེད་དེ། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་བསྐྱེད། འདི་དག་ནས་བཏང་སྙོམས། མར་ཤེས། དྲིན་དྲན། དྲིན་གཟོ་རྣམས་ནི་གཞན་དོན་དོན་གཉེར་གྱི་བློ་སྐྱེ་བའི་གཞི་སྒྲུབ་པ་ཡིན་ལ། བྱམས་པ། སྙིང་རྗེ། ལྷག་བསམ་གསུམ་ནི། གཞན་དོན་དོན་གཉེར་གྱི་བློ་བསྐྱེད་པ་དངོས་ཡིན་པས། དེ་ནས་རྫོགས་བྱང་ཐོབ་འདོད་སྐྱེས་པ་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།
།ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་མཚན་ཉིད་ཡོངས་སུ་རྫོགས་པའི་སེམས་བསྐྱེད་ལ་ནི་གཞན་དོན་ལ་དགོས་པར་མཐོང་བ་ཙམ་གྱིས་དྲངས་པའི་སངས་རྒྱས་ཐོབ་འདོད་ཙམ་གྱིས་མི་ཆོག་པར་རང་ཉིད་སྤངས་རྟོགས་ཕུན་སུམ་ཚོགས་པའི་དོན་ལ་ཡང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀ་མེད་དུ་མཐོང་ནས་དེ་ཐོབ་འདོད་དང༌། དེ་ཡང་རང་ཁོ་ནའི་
དོན་མིན་པར་སྔར་བྱམས་པ་སྙིང་རྗེ་ལྷག་བསམ་རྣམས་ཀྱི་སྐབས་གཞན་དོན་དོན་གཉེར་གྱི་བློ་ཇི་ལྟར་བསྐྱེད་པ་ལྟར་གཞན་དོན་དུ་ཡང་རྫོགས་བྱང་ཐོབ་འདོད་ཀྱི་བསམ་པ་ཞིག་བསྐྱེད་དགོས། དེ་ལྟར་བསྒོམས་ཀྱང་འཐོབ་ཨེ་ཐུབ་སྙམ་ན། དེ་ངེས་པར་འཐོབ་ནུས་ཏེ་བྱང་ཆུབ་ཀྱི་སེམས་འདི་བསྐྱེད་པའི་དུས་ད་རེས་ལས་ལྷག་པ་མེད་དེ། རྟེན་ནི་སངས་རྒྱས་ཀྱི་གོ་འཕང་ལུས་རྟེན་འདི་ལ་སྒྲུབ་པས་ཆོག་པའི་རྟེན་ཐོབ། ཆོས་ནི་སངས་རྒྱས་ཀྱི་བསྟན་པ། དེའི་ནང་ནས་ཐེག་པ་ཆེན་པོའ་ིཆོས་དང༌། ལྷག་པར་ཚེ་གཅིག་ལ་འཚང་རྒྱ་བར་ནུས་པའི་གསང་སྔགས་ཀྱི་བསྟན་པ་དང་མཇལ། འདི་གྲུབ་མཐའ་རིས་མེད་ལ་ཡོད་པའི་ཁྱད་ཆོས་ཡིན། རྗེ་ཙོང་ཁ་པ་ཆེན་པོའ་ིསྙན་བརྒྱུད་ཀྱི་བསྟན་པ་འདི་ལ་མི་ལོ་བཅུ་གཉིས་ཙམ་ལ་འཚང་རྒྱ་བར་ནུས་ཤིང༌། དེ་ལས་ཀྱང་ཆེས་མྱུར་བ་ལོ་གསུམ་ཕྱོགས་གསུམ་ཙམ་ལའང་ཟུང་འཇུག་གི་གོ་འཕང་ཐོབ་པ་མང་པོ་བྱུང་བ་སྔར་རྒྱལ་བ་ཡབ་སྲས་སོགས་དམ་པ་གོང་མ་དུ་མའི་རྣམ་ཐར་ལྟར་ཡིན། ང་ཚོས་དེང་སང་སྙིགས་དུས་རེད་ཟེར་ཡང་རང་ལ་ད་རེས་ལས་དུས་བཟང་བ་སྔོན་ཆད་རྙེད་མ་མྱོང་བའི་ཚོད་ཡིན་ལ། རྗེ་མིད་ལ་དང་དབེན་ས་པས་ཐོབ་པའི་ལུས་ཀྱང་རང་གི་ལུས་རྟེན་འདི་ལས་ལྷག་པ་མེད་པས། གྲུ་གུ་ཞ་བོས་རྐྱང་ལ་ཞོན་པ་ལྟར་ད་རེས་འབད་དགོས། རང་རེས་ལམ་རིམ་བསྒོམ་པ་ལ་ཤི་བ་ལས་མཚེར་བ་ཙམ་བྱེད། དེ་བས་དཔེ་ཀློག་པ་དང་སློབ་གཉེར་ཁ་ཏོན་ལྟ་བུས་མི་ཚེ་བསྐྱེལ་བ་ལ་དགའ་བ་ནི་གནད་མ་ཤེས་པ་ཡིན། ཕྱིས་ནས་རྟེན་འདི་ལྟ་བུ་ཨེ་རྙེད་མི་ཤེས། རྙེད་ཀྱང་བསྟན་
པ་དང༌། ཡང་སྒོས་ཚང་ལ་མ་ནོར་བའི་རྒྱལ་བ་གཉིས་པའི་བསྟན་པ་འདི་ལྟ་བུ་དང་མཇལ་བ་ཤིན་ཏུ་དཀའ་ལ། དེའི་ཕྱིར་རྟེན་འདི་དང་མ་བྲལ་རིང་དེ་ལ་རྫོགས་བྱང་གི་རྒྱུ་བྱང་ཆུབ་ཀྱི་སེམས་འདི་ཨེ་སྐྱེ་ཞིག་བལྟ་དགོས།

No comments:

Post a Comment