Friday, 8 May 2015

ཐེག་ཆེན་གྱི་གདམས་ངག དཀོན་མཆོག་གསུམ་གྱི་ཡོན་ཏན་བརྒྱད་བརྒྱད།

གཉིས་པ་ཐེག་ཆེན་གྱི་ལུགས་ཡོད་དེ། 
  • འདུས་མ་བྱས་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་མཐར་ཐུག་དེ་སངས་རྒྱས་དཀོན་མཆོག་གི་ངོ་བོ་དང་། 
  • བསམ་མེད་གཉིས་མེད་རྟོག་མེད་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ་ཆོས་དཀོན་མཆོག་གི་ངོ་བོ། 
  • རིག་གྲོལ་གྱི་ཡོན་ཏན་གང་ཡང་རུང་བ་དང་ལྡན་པའི་འཕགས་པའི་གང་ཟག་དགེ་འདུན་དཀོན་མཆོག་གི་ངོ་བོར་འཇོག་པའི་ཕྱིར། 

སངས་རྒྱས་དཀོན་མཆོག

དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས། 

འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །
གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །
མཁྱེན་དང་བརྩེ་དང་ནུས་པར་ལྡན། །
དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །

ཞེས་གསུངས། ཡོན་ཏན་བརྒྱད་ཀྱང་ཡོད་དེ། 

  1. འདུས་མ་བྱས་པ་རང་བཞིན་རྣམ་དག་གི་ཡོན་ཏན། 
  2. ལྷུན་གྱིས་གྲུབ་པ་གློ་བུར་རྣམ་དག་གི་ཡོན་ཏན། 
  3. ཡོན་ཏན་དེ་གཉིས་སྒྲ་རྟོག་གི་རྟོགས་ཚུལ་རྫོགས་པའི་ཚུལ་གྱིས་རྟོགས་མི་ནུས་པའི་ཡོན་ཏན། 
  4. ཇི་ལྟ་ཇི་སྙེད་མཁྱེན་པའི་ཡོན་ཏན། 
  5. གདུལ་བྱ་ལ་བརྩེ་བའི་ཡོན་ཏན། 
  6. གདུལ་བྱའི་ཉེས་སྐྱོན་སེལ་བའི་ཡོན་ཏན། 
  7. རང་དོན་གྱི་ཡོན་ཏན། 
  8. གཞན་དོན་གྱི་ཡོན་ཏན་རྣམས་སུ་ཡོད་པའི་ཕྱིར། 

བསྡུ་ན། དང་པོ་དྲུག་ཕྱི་མ་གཉིས་སུ་འདུ་བ་ཡིན་པའི་ཕྱིར་ཏེ། དང་པོ་གསུམ་རང་དོན་གྱི་ཡོན་ཏན་དང་ཕྱི་མ་གསུམ་གཞན་དོན་གྱི་ཡོན་ཏན་དུ་འདུ་བའི་ཕྱིར། 

སངས་རྒྱས་དཀོན་མཆོག་དེ་ལ་དབྱེ་ན་དུ་མར་ཡོད་དེ། སྐུ་གསུམ་མམ་བཞི་ལ་སོགས་པར་དབྱེར་ཡོད་པའི་ཕྱིར། 

ཆོས་དཀོན་མཆོག

གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། 

བསམ་མེད་གཉིས་མེད་རྟོག་མེད་པ། །
དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །
གང་ཞིག་གང་གིས་ཆགས་བྲལ་བ། །
བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །

ཞེས་གསུངས་པའི་ཕྱིར། ཡོན་ཏན་བརྒྱད་ཡོད་དེ།

  1. སྒྲ་རྟོག་གིས་མུ་བཞིར་བརྟག་པར་མི་ནུས་པས་བསམ་དུ་མེད་པའི་ཡོན་ཏན། 
  2. ལས་ཉོན་ཅི་རིགས་པ་དང་བྲལ་བས་གཉིས་སུ་མེད་པའི་ཡོན་ཏན། 
  3. ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་ཅི་རིགས་པ་མེད་པས་རྣམ་རྟོག་མེད་པའི་ཡོན་ཏན།
  4. རང་གི་ངོ་བོ་ལ་དྲི་མ་མེད་པས་དག་པའི་ཡོན་ཏན། 
  5. ཇི་ལྟ་ཇི་སྙེད་གསལ་བས་གསལ་བའི་ཡོན་ཏན། 
  6. སྤང་བྱ་འཇོམ་པར་ནུས་པས་གཉེན་པོའི་ཡོན་ཏན། 
  7. འགོག་བདེན་དང་
  8. ལམ་བདེན་གཉིས་ཀྱི་ཡོན་ཏན་གཉིས་རྣམས་ཡོད་པའི་ཕྱིར། 

བསྡུ་ན་དང་པོ་དྲུག་ཕྱི་མ་གཉིས་སུ་བདུ་བ་ཡིན་ཏེ། དང་པོ་གསུམ་འགོག་བདེན་གྱི་ཡོན་ཏན་དང་། ཕྱི་མ་གསུམ་ལམ་བདེན་གྱི་ཡོན་ཏན་དུ་འདུ་བའི་ཕྱིར། དཔེར་ན་ཉི་མ་རང་གི་ངོ་བོ་མུན་པས་དག་པ་དང་། འོད་ཟེར་འཕྲོ་བས་གསལ་བ་དང་། གླིང་གཞན་གྱི་མུན་པ་འཇོམས་པའི་ཡོན་ཏན་དང་ལྡན་པ་ལྟ་བུ་ཡིན་པའི་ཕྱིརཏེ། དེ་ཉིད་ལས།

ཆགས་བྲལ་ཉིད་ནི་འགོག་པ་དང་། །
ལམ་གྱི་བདེན་པ་དག་གིས་བསྡུས། །
གོ་རིམ་ཇི་བཞིན་དེ་དག་ཀྱང་། །
ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །

ཅེས་དང་། 

དག་སོགས་གསུམ་ནི་ཉི་བཞིན་ནོ། །

ཞེས་གསུངས། ཆོས་དཀོན་མཆོག་ལ་དབྱེ་ན་གཉིས་སུ་ཡོད་དེ། འགོག་ལམ་གཉིས་སུ་ཡོད་པའིན་ཕྱིར། 

དགེ་འདུན་དཀོན་མཆོག

གསུམ་པ་གྲུབ་སྟེ། དེ་ཉིད་ལས། 

ཇི་ལྟ་ཇི་སྙེད་ནང་གི་ནི། །
ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །
བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །
བླ་མེད་ཡོན་ཏན་དང་ལྡན་ཉིད། །

ཅེས་གསུངས། ཡོན་ཏན་བརྒྱད་ཀྱང་ཡོན་དེ། 

  1. ཇི་ལྟ་
  2. ཇི་སྙེད་པ་སོ་སོ་རང་གི་རིག་པའི་ཚུལ་གྱིས་གཟིགས་པ་དག་པའི་ཡོན་ཏན་གཉིས་དང་། 
  3. སེམས་ཅན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་པར་མངོན་སུམ་སུ་གཟིགས་པ་དག་པའི་ཡོན་ཏན། 
  4. ཆགས་པ་དང་
  5. ཐོགས་པ་དང་
  6. དམན་པའི་སྒྲིབ་པ་གསུམ་དང་བྲལ་བའི་ཡོན་ཏན། 
  7. རིག་པའི་ཡོན་ཏན་དང་། 
  8. གྲོལ་བའི་ཡོན་ཏན་རྣམས་སུ་ཡོད་པའི་ཕྱིར། 

བསྡུ་ན་དང་པོ་དྲུག་ཕྱི་མ་གཉིས་སུ་འདུ་བ་ཡིན་ཏེ། དང་པོ་གསུམ་རིག་པའི་ཡོན་ཏན་དང་། ཕྱི་མ་གསུམ་གྲོལ་བའི་ཡོན་ཏན་དུ་འདུ་བའི་ཕྱིར། 


དབྱེ་ན་གསུམ་ཡོད་དེ། ཉན་ཐོས་དང་རང་རྒྱལ་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་རྣམས་སུ་ཡོད་པའི་ཕྱིར། 

No comments:

Post a Comment