Tuesday, 5 May 2015

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ། བྱང་ཆུབ་ཏུ་སེམས་སྦྱོང་བའི་རིམ་པ་དངོས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ། ག།

རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ་འདི་ལ།


བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བ་མི་ཚང་ལ། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བ་ལ་མན་ངག་བདུན་མ་ཚུར་ཚང་ནས་ཡོད། རྒྱུ་འབྲས་བདུན་གྱི་ཐོག་མར་བསྒོམ་རྒྱུའི་བཏང་སྙོམས་འདི་ཚད་མེད་བཏང་སྙོམས་ཡིན་པས། འདི་ལ་རང་ངོས་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དགོས། དེ་ཡང་རང་རེའི་རྒྱུད་ལ་འགའ་ཞིག་ལ་སྡང༌། འགའ་ཞིག་ལ་ཆགས་ནས་མི་སྙོམས་པར་ཡོད་པ་ཡིན་ལ༑ དེ་ལ་དམིགས་ཡུལ། དང་པོ་བར་མ་ལ་དམིགས་ཏེ་བློ་སྦྱངས། དེ་ནས་གཉེན་དང་དགྲ་སོགས་ལ་རིམ་གྱིས་དམིགས་ནས་བསྒོམ་པ་དང༌། དགྲ་གཉེན་བར་མ་གསུམ་ཀ་ལ་མཉམ་དུ་དམིགས་པའི་ལུགས་གཉིས་ལས། ཕྱི་མ་ཉིད་ཁྱབ་ཆེ་བར་སྣང་བས། མདུན་དུ་དགྲ་གཉེན་བར་མ་གསུམ་བསྒོམས་ནས་དེ་ལ་དམིགས་པ་ན། ཡིད་ལ་ཆགས་པ་དང་སྡང་བ་དང༌། བཏང་སྙོམས་ཀྱིས་ཡལ་བར་འདོར་བློ་བཅས་མི་འདྲ་བ་གསུམ་འཆར་འོང་བས། དེའི་ཚེ་རང་རེས་ད་ལྟར་དགྲར་བཟུང་བ་དེ་ལ་ཁོང་ཁྲོ་སོགས་སྐྱེས་ཏེ་མི་དགའ་བའི་དོན་གང་ཡིན་སྙམ་བརྟག་ན་དེས་སྔར་རང་ལ་གནོད་པ་བྱས་པའི་རྒྱུ་མཚན་ལ་བསམས་ནས་བྱུང་བ་ཡིན་ཡང༌། དེ་ནི་སྔར་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པའི་སྐབས་བཤད་པ་ལྟར་ངེས་པ་མེད་པའི་ཚུལ་བསྒོམ་སྟེ། དགྲ་དེས་སྔར་ཚེ་རབས་མང་པོར་གཉེན་བྱས་ཚུལ་བསམས་ནས་ཞེ་སྡང་དགག ད་ལྟ་གཉེན་དུ་བཟུང་སྟེ་དགའ་ལྷང་ལྷང་བ་བྱ་ས་དེའི་རྒྱུ་མཚན་བརྟག་ན་ཁོས་ད་ལྟ་ཟས་གོས་སྦྱིན་པ་སོགས་གནས་སྐབས་ཀྱི་རྒྱུ་མཚན་ཕྲན་བུ་ཞིག་གིས་བྱུང་བ་རེད་མོད་དེ། དེས་ཀྱང་སྔར་དགྲ་བྱས་པ་ལ་གྲངས་ཀྱིས་མི་ཆོད་སྙམ་དུ་ཆགས་པ་དགག ད་ལྟ་དགྲ་གཉེན་གང་ཡང་མིན་པའི་བར་མའི་སེམས་ཅན་ཞེས་ཡལ་བར་འདོར་བ་འདིས་ཀྱང་སྔར་དགྲ་གཉེན་གཉིས་ཀ་བྱས་པ་ཡིན་པས་ཀུན་ཀྱང་དགྲ་བྱས་པ་དང༌། གཉེན་བྱས་པ་འདྲ་ན་དེ་ཐམས་ཅད་དགྲ་གཉེན་བར་གསུམ་བྱེད་མཉམ་ཡིན་འདུག་པས་སུ་ལ་ཆགས་ཤིང་སུ་ལ་སྡང༌། གཉེན་ལ་ཆགས་དོན་མ་མཆིས་ཏེ། དེས་སྔར་དགྲ་མང་དུ་བྱས་པ་དང༌། དགྲ་ལའང་སྡང་དོན་མེད་དེ། དེས་སྔར་གཉེན་ཡང་མང་དུ་བྱས་པའི་ཚུལ་རྣམས་བསམ། དེར་མ་ཟད་ད་ལྟ་རེ་ཞིག་མིག་སྔར་མཐོང་བ་འདིར་དགྲ་གཉེན་དུ་སྣང་བ་ཙམ་ལས། དུས་གཏན་དུ་དགྲར་ངེས་པ་དང༌། གཉེན་དུ་ངེས་པ་ནི་གཅིག་ཀྱང་མེད་པས་རང་གཞན་གཉིས་ལས་རང་གི་ངོས་ལ་ལྟོས་ནས་ཆགས་སྡང་བྱེད་དོན་མེད་པར་མཉམ་པར་མ་ཟད། སེམས་ཅན་ཁོ་རང་ཚོའི་ངོས་ནས་ཀྱང་མཉམ་སྟེ་ཉམ་ཐག་པར་མཉམ་པ་དང༌། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཉམ་པས་གཞན་ངོས་ལ་ལྟོས་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་བྱ་ས་མེད་པར་མཉམ་པ་ཡིན། དེ་མི་འདྲ་སྟེ། འདི་དག་གིས་ཚེ་འདི་ལ་ཕན་བཏགས་པ་དང༌། གནོད་པ་བྱས་པ་ཡིན་པས་ཁྱད་ཡོད་སྙམ་ན། དེ་ཡང་མིན་ཏེ། སྔར་ཕན་བཏགས་པ་དང༌། ད་ལྟ་ཕན་བཏགས་པ་གཉིས་ཀྱང་མཚུངས་ལ། སྔར་གནོད་པ་བྱས་པ་དང༌། ད་རེས་གནོད་པ་བྱེད་པ་གཉིས་ཀྱང་མཚུངས་པ། དཔེར་ན་ན་ནིང་མགོ་ལ་དབྱུག་པས་བསྣུན་པ་དང༌། ད་ལོར་མགོ་ལ་དབྱུག་པས་བསྣུན་པ་གཉིས་གནོད་པ་བྱེད་པར་མཚུངས་ལ། ན་ནིང་ཇ་སྦག་གཅིག་བྱིན་པ་དང༌། འདི་ལོར་ཇ་སྦག་གཅིག་བྱིན་པའང་མཚུངས་པ་བཞིན་དང༌། དཔེར་ན་སྤྲང་པོ་བཅུ་སློང་བར་འོངས་པ་ལ། དེ་དག་ཁོ་རང་ཚོའི་ངོས་ནས་བཀྲེས་སྐོམ་གྱིས་ཉམ་ཐག་པར་མཉམ་ལ། སློང་བར་ཡང་མཉམ་ཞིང་རང་གི་ངོས་ནས་ཀྱང་ཕན་གནོད་མེད་པར་མཉམ་པ་བཞིན་ནོ། ། དེ་ལྟར་བསམས་པས་དགྲ་གཉེན་བར་མ་གསུམ་ལ་སེམས་སྙོམས་པ་བྱུང་ན་སེམས་ཅན་ཐམས་ཅད་ལ་ཁ་སྤོས་ནས་སེམས་སྙོམས་པ་བསྒྲུབ། དེ་དག་ལ་སེམས་སྙོམས་པ་ན་དགྲ་གཉེན་རིས་སུ་མི་གཅོད་པས་དགྲ་འདུལ་གཉེན་སྐྱོང་གི་འཇིག་རྟེན་པའི་སྤྱོད་ཚུལ་ངན་པ་ཡང་གཏན་འགོག་ཏུ་འགྲོ། དེ་ལྟ་མིན་པར་སེམས་ཅན་ཐམས་ཅད་ཅེས་པའི་གསེབ་ནས་འདི་དང་འདི་མ་གཏོགས་སྙམ་དུ་འགའ་ཞིག་དམིགས་ཀྱིས་བསལ་ཏེ་ཕྱིར་དོར་མཁན་གྱི་རིགས་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་མེད། བཏང་སྙོམས་འདི་གཅིག་པུ་ལའང་ལོ་དང་ཟླ་བར་སྦྲེལ་ཏེ་དཀའ་ལས་བརྒྱག་དགོས་ཀྱི། དམིགས་པ་ཐུན་རེ་ཙམ་གྱིས་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཚུགས་པའི་རེ་བ་བྱེད་པས་ནི་ས་ཆོད་ཅི་ཡང་མི་འབྱུང༌། བྱང་ཆུབ་སེམས་སྦྱོང་གི་སྐོར་འདི་ལྟ་བུ་ལ་དཀའ་བ་སྤྱད་དེ་འབད་ན། དོན་ཆུང་བའི་ལྷ་བསྒོམ། སྔགས་བཟླས། སེམས་ངོ་སྐྱོང་བ་སོགས་ལ་མི་ཚེ་བསྐྱལ་བ་དང་མི་འདྲ་བར་དཀའ་ལས་བྱས་རིན་དང་བསྒོམ་རིན་ཆོག་པ་ཡོད་གསུངས་ཏེ་སླར་ཡང་བསྐྱར་བཤད་མཛད།

No comments:

Post a Comment