དེ་ལ་རྒྱུ་དང་པོ་མར་ཤེས་ནི། སེམས་ཅན་ཐམས་ཅད་གཉེན་གྱི་མཐར་ཐུག་མར་ཤེས་པ་སྟེ། འདི་རྒྱུད་ལ་མ་སྐྱེས་ན་བྱང་ཆུབ་སེམས་ཀྱི་སྐལ་བ་ཆད་པ་ཡིན། གཞན་ཟབ་མོ་སྟོང་པ་ཉིད་སོགས་ནི་རིགས་པའི་སྒོ་རྣམ་གྲངས་མང་པོ་ནས་བསམ་ཆོག་པས། དེ་ཙམ་དུ་རྟོགས་པར་མི་དཀའ་མོད། འདི་ལ་ལུང་ཞིག་གིས་བསམ་ནའང༌། བསམ་པའི་གཏིང་ནས་ངེས་ཤེས་རྙེད་པ་ཞིག་འབྱུང་དཀའ་ལ། དབང་རྣོན་ཆོས་ཀྱི་རྗེས་འབྲང་ལ་རིགས་པས་བསྒྲུབ་དགོས་ཤིང༌། འདིར་རྣམ་འགྲེལ་གྱི། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ཞེས་སོགས་ཀྱི་རིགས་པ་གཅིག་ལས་མེད་པས་རྟོགས་དཀའ་ལ། འདི་ལ་དང་པོ་རིག་པའི་ཡ་མཐའ་ཐུག་མེད་དུ་བསྒྲུབ་དགོས་པས། དེ་རིང་གི་སེམས་འདི་ཁ་སང་གི་སེམས་ཀྱི་རྒྱུན་ཡིན་ཞིང་། དེའང་ཁ་ཉིན་གྱི་རིག་རྒྱུན་ཡིན་པ་ནས་བཟུང༌། མའི་མངལ་ནས་སྐྱེས་མ་ཐག་པའི་སེམས་དེ། སྐྱེ་ཁ་མའི་རྒྱུན་ཡིན་ཞིང༌། མངལ་དུ་ཞུགས་མ་ཐག་པའི་སེམས་དེ་ཞུགས་ཁ་མའི་རིག་པའི་རྒྱུན་ཡིན་པའི་ཕྱིར། འཁོར་བ་ལ་ཐོག་མའི་མཐའ་མེད་པས་སེམས་ཀྱི་འགོ་བརྩོམ་པ་འདིའོ། །ཞེས་པ་ཞིག་གང་དུའང་མི་རྙེད་པས་ན་རང་གི་སྐྱེ་བ་ལའང་ཐོག་མའི་མཐའ་མེད་པར་གྲུབ་ལ། དེ་གྲུབ་པས་སྐྱེ་བ་གྲངས་ཀྱིས་མི་ཆོད་པ་ཞིག་ཡོད་པར་གྲུབ་པས་སྐྱེ་བ་ལ་ཡ་མཐའ་མེད། དེས་ན་ཚེ་འདིའི་ཨ་མ་ཡོད་པ་བཞིན་དུ་ཚེ་སྔ་མའི་མངལ་སྐྱེས་དང་སྒོང་སྐྱེས་གཉིས་ཀྱི་སྐབས་ཨ་མ་རེ་དགོས་པས་དེ་འདྲའི་སྐྱེ་བ་གཅིག་ལེན་པ་ལ་ཨ་མ་གཅིག་དགོས་པ་བཞིན་དུ། སྐྱེ་བ་བརྒྱ་ལེན་པ་ན་མ་བརྒྱ། སྟོང་ལེན་པ་ན་མ་སྟོང་སོགས་མ་གྲངས་མེད་དགོས་
པས་སེམས་ཅན་ཐམས་ཅད་ཀྱིས་མ་མ་བྱས་པའི་ཐབས་མེད། དེ་ལ་འདི་ལྟར། ཨ་མ་མང་དུ་དགོས་མོད། སེམས་ཅན་ནི་མཐའ་ཡས་པས་དེ་ཐམས་ཅད་ནི་ཨ་མ་ཅང་མིན་ནོ་ཞེ་ན༑ སྤྱིར་རང་གི་སྐྱེ་བ་མང་བར་མ་ཟད་ཀྱི། བྱེ་བྲག་རི་དྭགས་ཤ་བ་དགོ་བ། འབུ་སྲིན་སོགས་རེ་རེ་ནས་ཀྱི་ལུས་བླངས་པའང་གྲངས་མེད་ཅིང༌། དེ་ལྟར་སེམས་ཅན་གྱི་རིགས་གྲངས་མེད་པ་རེ་རེའིའང་ལུས་གྲངས་མེད་པ་བླངས་པའི་ཕྱིར། སེམས་ཅན་ལས་ཀྱང་གྲངས་མང་བའི་སྐྱེ་བ་བླངས་ལ༑ དེའི་ཚེ་ན་ཨ་མའང་གྲངས་དེ་མཚུངས་དགོས་པས། སེམས་ཅན་ཐམས་ཅད་ཀྱིས་ཨ་མ་བྱས་པ་ཙམ་མ་ཟད་ལན་གྲངས་མང་པོ་རེ་མ་བྱས་ན་མི་འདང་བ་ཡིན་ནོ།།
འདིར་བཤེས་སྤྲིངས་ཀྱི། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །ཞེས་སོགས་ཀྱི་དངོས་བསྟན་མའི་མ། དེའི་མ་སོགས་ལ་སྦྱར་ཡང༌། སྐབས་འདིར་བླ་མའི་གསུང་རྒྱུན་ལྟར་ཁ་བསྒྱུར་ནས། ས་ཆེན་པོ་འདི་རྒྱ་ཤུག་གི་ཚི་གུ་ཙམ་གྱི་རིལ་བུར་བྱས་ཏེ་རང་གི་ཚེ་འདིའི་མ། སྐྱེ་བ་སྔོན་མའི་མ། དེའི་སྔོན་མའི་མ་ཞེས་རི་ལུ་རེ་བཞག་ཀྱང་རྫོགས་ཏེ། མའི་གྲངས་ཀྱི་བརྒྱ་སྟོང་གི་ཆར་ཡང་མི་འགྲོ་བས། སེམས་ཅན་ཐམས་ཅད་ཀྱི་མ་མ་བྱས་ན་མི་འདང་བ་དང༌། དེར་མ་ཟད་སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པས་སེམས་ཅན་ལ་ཟད་རྒྱུ་ཡོད་ཅིང༌། རང་ཉིད་ཀྱི་འཁོར་བའི་ཡ་མཐའ་མེད་པས་ན་སེམས་ཅན་ལས་རང་གི་སྐྱེ་བ་མང་བས་སེམས་ཅན་ཀུན་གྱིས་མ་གྲངས་མེད་རེ་མ་བྱས་ན་མི་འདང་བས་སེམས་ཅན་ཐམས་ཅད་ཀྱིས་རང་གི་མ་བྱས་ཤིང༌། རེ་རེས་ཀྱང་མང་དུ་བྱས་ཏེ། སེམས་ཅན་འདིའི་ལུས་མ་བླངས་བྱ་བ་མེད། བླངས་པ་ལ་གྲངས་ཀྱིས་མི་ཆོད་ཚུལ་བསམ། དེའང་མིའི་སྐྱེ་བ་བླངས་པ་ལྟ་བུར་མཚོན་ན་གླིང་འདིའི་ས་ཕྱོགས་འདིར་མ་སྐྱེས་བྱ་བ་མེད། སྐྱེས་པ་ལ་གྲངས་ཀྱིས་མི་ཆོད། དེ་བཞིན་དུ་ཤར་ལྷོ་ནུབ་བྱང་སོགས་འཇིག་རྟེན་རེ་རེ་ལའང་གྲངས་མེད་པ་རེ་བླངས་པས། སེམས་ཅན་ལས་ཀྱང་མང་བའི་ཕྱིར། མ་བྱས་པ་མ་ཟད་མིའི་རྟེན་ལ་ཨ་མ་མ་བྱས་པའང་མེད་པས་སེམས་ཅན་ཐམས་ཅད་ཨ་མ་ཅིས་ཀྱང་ཡིན་སྙམ་དུ་བསམ། དེ་ལྟར་བསམས་ཀྱང་མ་སྐྱེས་ན་རང་ལ་མ་གཏན་ནས་མེད་དམ་ཟེར་ན་སྐྱེ་བ་འདིའི་མ་མངོན་སུམ་ཡོད་སྙམ་པ་འོང་བས། དེས་སྐྱེ་བ་འདིའི་སྔ་མ་སོགས་ཀྱི་མ་ལ་སྦྱར་ཏེ་སྤོགས་ཆོག་བྱ༑ མར་
ཤེས་བསྒོམ་ཚུལ་འདི་དག་བདེ་མྱུར་དུ་མདོར་བསྡུས་ཙམ་ལས་མེད་ཀྱང༌། བདག་གིས་བླ་མའི་མདུན་དུ་དཀའ་བ་སྤྱད་པའི་ལག་རྗེས། མན་ངག་ལྟར་གྱི་ས་བཅད་འདི་རྒྱས་སུ་བཏང་བ་ཡིན་པས་རྒྱུན་དུ་ཉམས་ལེན་མཛད་མཁན་དང༌། བསྟན་པའི་ཁུར་བཞེས་པ་རྣམས་ནས་ཕྱག་ལེན་མ་ཉམས་པ་བྱུང་ན་ལམ་གྱི་རིམ་པའི་རྟོགས་པའི་སྐྱེད་ཐོན་པ་ལ་ཁྱད་ཆེ་བ་ཡོད།
འདི་བསྒོམ་པ་ན། དང་པོར་ཚེ་འདིའི་ཨ་མས་སྐྱེ་བ་སྔ་མའི་མ་མང་དུ་བྱས་པར་བསྒོམ། དེ་ནས་ཕ་ལ་བསྒོམ། དེ་ནས་གཉེན་གཞན་དང༌། དེ་ནས་བར་མ་དང༌། དེ་དག་ལ་མྱོང་བ་ལེགས་པར་ཐོན་ན། དགྲ་ལ་དམིགས་ནས་མ་བྱས་པར་བསམས་རྗེས་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་སྦྱོང༌། འོ་ན་མ་ཡིན་ན་ངོ་ཤེས་དགོས་པ་ལ། དེ་མི་ཤེས་པས་མ་མིན་ནོ་སྙམ་ན། སངས་རྒྱས་ཀྱིས་ཀྱང༌། མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མ་གཟིགས་པས། རང་རེས་ངོ་མ་ཤེས་པ་མ་གཏོགས་མ་དངོས་གནས་ཡིན་ཏེ། ཚེ་འདིའི་མ་ཡང་ཕྱིས་ཁྱི་ལྟ་བུར་སྐྱེས་ནས་ཡོད་ཀྱང་རང་གིས་མི་ཤེས་ལ། ཚེ་འདིའི་མ་དངོས་གནས་པ་ཡང་ངོ་མི་ཤེས་པ་ཡོད་པ། དགེ་སློང་མ་ཨུཏྤ་ལའི་མདོག་གི་ལོ་རྒྱུས་དང༌། ཕ་ཤ་ཟ་ཞིང་མ་ལ་འཚོག །ཅེས་པའི་ལོ་རྒྱུས་ལྟར་ཡིན་པས་ངོ་མི་ཤེས་པ་ཙམ་མ་མིན་པའི་རྒྱུ་མཚན་དུ་མི་འགྱུར། འདས་ཟིན་པས་ན་མ་མིན་པར་མི་འགྱུར་ཏེ། དེ་འགྱུར་ན་ཚེ་སྟོད་ཀྱི་མ་ཡང་ཚེ་སྨད་ཀྱི་མ་མིན་པར་འགྱུར་ཞིང༌། ཁ་སང་གི་མ་ཡང་དེ་རིང་གི་མ་མིན་པར་འགྱུར་ཏེ། དེ་འདས་ཟིན་པས་སོ། །འདི་ནི་ཕྲ་བའི་མི་རྟག་པ་སྟེ། ཐོས་པ་མ་བྱས་པས་རྟོགས་པར་དཀའ་མོད། དཔེར་ན། གཟན་འདི་ལྟ་བུ་ཡང་ན་ནིང་གསར་པའི་སྐབས་དྲི་མ་ཅན་མིན་ཞིང༌། བུག་རྡོལ་ཡང་མེད་པ་ལ། དེའི་རྒྱུན་དེང་སང་གི་གཟན་འདི་དྲི་མ་ཅན། བུག་རལ་ཅན་དུ་འདུག་པས། དེ་གཉིས་ཐ་དད་པ་ལྟ་བུ་ཡིན། དེ་ལྟ་ནའང་སྐྱེ་བ་སྔ་ཕྱིའི་མ་གཉིས་ཀྱིས་ཨ་མ་བྱས་པ་ལ་ཁྱད་མེད་དུ་བསམ་དགོས་ཏེ། ན་ནིང་སྲོག་བསྐྱབས་ན་དེའི་དྲིན་ད་ལོ་ཡང་དྲན་དགོས་པ་བཞིན་ནོ། །དེ་ལྟར་ཡང་ཡང་སྦྱངས་པས་མར་ཤེས་རྒྱུད་ལ་སྐྱེས་པའི་ཚད་ནི། སེམས་ཅན་གྲོག་སྦུར་གཅིག་མཐོང་བ་ནའང་རང་དེའི་བུར་གྱུར་སྐབས་རང་གི་སྐྱིད་སྡུག་ཚང་མ་དེ་ལ་རེ་དགོས་བྱུང་བ་སོགས་ལྷང་ལྷང་དྲན་པ་སྟེ། མར་ཤེས་རྒྱུད་ལ་འཁྲུངས་པ་ཇོ་བོ་རྗེ་ལྟ་བུ་དགོས་ཚུལ་བཅས་གསུངས།
No comments:
Post a Comment