གསུམ་པ་དྲིན་གཟོ་བ་ནི། བསླབ་བཏུས་ལས། ཉོན་མོངས་ཀྱིས་སྨྱོ་གཏི་མུག་ལྡོངས། །གཡང་ས་མང་པོའ་ིལམ་དུ་ནི། །གོམ་པ་རེ་རེ་རྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི། །འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས། །ཞེས་གསུངས་པ་ལྟར། དཔེར་ན། ཚེ་འདིའི་ཨ་མ་མིག་ལོང་ཞིང་ལོང་ཁྲིད་དང་བྲལ་ནས། སེམས་མྱོས་ཏེ་གཡང་ས་ཞིག་གི་ཁར་མཆོང་བར་ཉེ་བ་ན། བུ་དེ་དེར་ཡོད་ན་ཨ་མ་དེས་ཀྱང་བུ་དེ་ལ་མི་རེ་ན་སུ་ལ་རེ། བུ་དེས་ཀྱང་ཨ་མ་དེ་མི་བསྐྱབ་ན་སུ་ལ་བསྐྱབ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཆོས་དང་ཆོས་མ་ཡིན་པའི་བླང་དོར་ལྟ་བའི་མིག་དང་ནི་བྲལ། སྐད་ཅིག་རེ་རེ་ཞིང་འདོད་པ་དང་ལག་ལེན་ཕྱིན་ཅི་ལོག་ཏུ་བྱེད་པའི་ཉེས་སྤྱོད་ཀྱིས་གོམ་པ་རྡེག་འཆའ། འདི་བྱེད་དང་འདི་མ་བྱེད་ཟེར་བའི་སློབ་མཁན་བཤེས་གཉེན་གྱི་ལོང་ཁྲིད་དང་ནི་བྲལ། ཉོན་མོངས་དུག་གསུམ་གྱི་གདོན་གྱིས་སེམས་དཀྲུགས་ནས་ཤེས་པ་ལ་རང་དབང་མ་ཐོབ་པས་སྨྱོ་ནས། བསྐལ་པ་མང་པོར་མེ་དང་ལུས་དབྱེར་མེད་དུ་འགྱུར་བའི་ངན་སོང་གི་གཡང་ས་ཆེན་པོར་མཆོངས་ནས་འགྲོ་བ་འདི་ལ། ད་ལན་རང་ཅག་དགེ་བའི་བཤེས་གཉེན་དང་མཇལ། ཐེག་པ་ཆེན་པོའ་ིཆོས་དང་ཕྲད། བླང་དོར་ཡང་ཅུང་ཟད་ཤེས་ཕྱིར་དེ་དག་ལས་རང་ཆེས་ཆེར་བཟང་བས་ན། དེ་དག་དེ་ལས་སྐྱོབ་ཐབས་ཀྱི་ཁུར་བྱེད་མཁན་རང་ལ་བབས་ཚུལ་བསམ་པ་དང༌། ཡང་སློབ་སྤྲིངས་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་པ་ལྟར་མ་སེམས་ཅན་འཁོར་བའི་རྒྱ་མཚོའི་ཀློང་དུ་ཆུད་པ་རྣམས་ད་རེས་རང་ལ་འདོན་པའི་ཐབས་ཡོད་བཞིན་དུ་མ་བཏོན་ན་མ་རབས་ཐ་ཆད་ཡིན་པས་དེ་དག་འདོན་པའི་ཁུར་ད་རེས་རང་ཉིད་ལ་བབས་འདུག་སྙམ་དུ་དྲིན་གཟོ་བསྒོམ། དྲིན་གཟོ་བ་དེ་ཡང་དབུ་མ་སྙིང་པོ་ལས། གཞན་ཡང་སྔོན་ཆད་ཉོན་མོངས་པའི། །གདོན་གྱིས་བརླམས་པ་བདག་གིས་ནི། །རྨས་ལ་འགྱུར་བྱེད་འདེབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་གང་དག་གིས།།
བྱམས་དང་བསྙེན་བཀུར་ཕན་པ་བྱས། །དེ་ལ་ལན་དུ་ཕན་གདགས་པ། །མྱ་ངན་བཟླ་ལས་གཞན་ཅི་ཡོད། །ཅེས་པ་ལྟར་ཟས་དང་གོས་སོགས་སྟེར་བ་ཙམ་གྱིས་ནི། གནས་སྐབས་ཀྱི་བཀྲེས་སྐོམ་ལས་གྲོལ་ཙམ་ལས་ཕུགས་སུ་ཕན་པ་ཞིག་མི་འབྱུང༌། བདེ་བ་ཐམས་ཅད་དང་ལྡན་པ་དང༌། སྡུག་བསྔལ་ཐམས་ཅད་དང་བྲལ་བ་ཞིག་བྱུང་ན། སེམས་ཅན་དེ་དག་ལའང་ཕན་པ་བརྟན་ཅིང་ཆེ་ལ། དེ་ཡང་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ན་བདེ་བ་ཐམས་ཅད་དང་ལྡན་ཞིང༌། སྡུག་བསྔལ་ཐམས་ཅད་བྲལ་བའི་གནས་ཐོབ་པ་ཡིན་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པ་དགོས། དཔེར་ན། རང་གི་ཨ་མ་སྨྱོ་ནས་གྲི་ཁྱེར་ཏེ་བུ་རང་ཉིད་གསོད་པར་རྩོམ་ནའང་ཨ་མ་ལ་མི་ཁྲོ་བར་སྨྱོ་ནད་དེ་སེལ་ཐབས་ལ་བརྩོན་དགོས་པ་བཞིན་དུ་དགྲ་ལའང་དྲིན་གཟོ་བྱ་དགོས་གསུངས།
No comments:
Post a Comment