གཉིས་པ་དྲིན་དྲན་པ་ནི། དེ་ལྟར་སེམས་ཅན་རྣམས་ཨ་མ་ཡིན་པར་མཉམ་ན། ཨ་མ་བྱས་སྐབས་དྲིན་ཤིན་ཏུ་ཆེ་བར་བསམ་དགོས་པས། ད་ལྟ་ཚེ་འདིའི་མ་འདི་ལྟ་བུར་མཚོན་ན། ཐོག་མཐའ་བར་གསུམ་དུ་དྲིན་ཆེ་སྟེ། ཐོག་མར་ཟླ་དགུ་ངོ་བཅུའི་བར་ལུས་ལ་ཁུར་བ་ན། བུ་ལ་གནོད་ཀྱིས་དོགས་ནས་མ་རང་ཉིད་ཀྱིས་ཟས་སྐོམ་འགྲོ་འདུག་ཐམས་ཅད་གཟབ་སྟེ་གཅེས་པར་བསྐྱངས། དེའི་ཚེ་མས་དེ་ལྟར་བསྐྱངས་མཁས་པ་ཞིག་མ་བྱུང་ཕྱིན། རང་རེ་ད་ལྟ་ཆོས་དང་མཇལ་ཞིང༌། དམ་པའི་ཆོས་ལ་སློབ་ཏུ་ཡོད་པ་འདི་མི་འབྱུང་ཞིང༌། འདི་དག་ཀྱང་རང་ཉིད་རྒོད་དྲགས་ནས་བྱུང་བ་མིན་གྱི། ཨ་མ་དེ་ཉིད་ཀྱི་དྲིན་ཡིན། བར་དུ་སྐྱེས་པ་ནའང་གང་ཡང་མི་ཤེས་པ་ཤའི་འབུ་ལྟ་བུ་དེ་སོར་བཅུའི་རྩེ་ལ་བླངས། གཏེར་རྙེད་པ་ལྟ་བུའི་དགའ་ཚོར་བྱས་ཏེ། ཤའི་དྲོད་ལ་བཅར། འཇམ་པའི་སྟན་ལ་བཞག །བརྩེ་བའི་འཛུམ་གྱིས་བསུས། སྣབས་ལག་པས་ཕྱི་ཆོག་པ་ཡང་གནོད་དོགས་ནས་ཁས་ཕྱིས། མི་གཙང་བ་ཤིང་ལ་སོགས་པས་བྲད་ཆོག་པའང་གནོད་དོགས་ནས་ལག་པས་ཕྱིས། དེའི་སྐབས་སུ་རང་ཉི་མ་གཅིག་གམ་ཆུ་ཚོད་གཅིག་ཙམ་རིང་ཡལ་བར་དོར་ནའང༌། ཡང་ན་ཁྱིས་ཟ་བའམ་ཡང་ན་བྱས་འཐོག་པ། གཡང་དུ་ལྷུང་བ་སོགས་ཀྱིས་འཆི་བར་འགྱུར་བ་ལས་འོས་མེད་པས་ཉི་མ་རེ་རེར་ཡང་སྲོག་མགོ་བརྒྱ་བརྒྱ་བཏོན། བུ་ལ་སྡུག་བསྔལ་བྱུང་བ་ལས་རང་ལ་སྡུག་བསྔལ་བྱུང་བ་ཞེ་ནས་འདམ་ཞིང༌། ཐ་ན་གཉིད་ཀྱི་ཚེའང་བུ་ལ་སེམས་པ་འབའ་ཞིག་གིས་སྔར་རྒྱུན་ལྟར་གྱི་ལྷོད་བདེར་ཉལ་མ་ཕོད། དེར་མ་ཟད་རྐང་པ་འཛུག་པ་ཚུན་ཆད་དང༌། གཏམ་སྨྲ་བ། ཟས་ཟ་སྟངས་ཚུན་ནས་རིམ་བཞིན་བསླབ་པས། ད་ལྟ་འགྲོ་འདུག་དང༌། གཏམ་སྨྲ་བ་སོགས་ལ་ཐོགས་པ་མེད་པ་འདི་བྱུང༌། མཐར་རང་གི་དངུལ་ཁ་གང་ཙམ་ལའང་སྡིག་དང༌། གཏམ་ངན། སྡུག་བསྔལ་ཁྱད་དུ་བསད་ནས་བསགས་པའི་ནོར་རང་གི་ཤ་ལས་གཅེས་པར་བཟུང་ནས་ལོངས་སྤྱད་མི་བྲ་བའང་བྱིན་ཏེ། བུ་བུ་མོ་ལ་ཁྱིམ་འབོགས་པ། མནའ་མར་བརྫངས་པ༑ རབ་ཏུ་བྱུང་བའི་སྒོར་བཅུག་པ་སོགས་མ་རང་ལ་འཁོས་ཀ་གང་ཡོད་པའི་བཀའ་དྲིན་གྱིས་བསྐྱངས། མདོར་ན་རང་གིས་ཤེས་ཚད་དང་ནུས་ཚད་ཀྱིས་ཕན་བདེ་གང་ཡིན་འབད་པས་སྒྲུབ། གནོད་པ་དང་སྡུག་བསྔལ་སེལ་བར་བྱེད་པ་སོགས་ཀྱི་དྲིན་ཚད་མཐའ་མེད། དེ་བཞིན་དུ་ཕ་སོགས་སེམས་ཅན་གཞན་ཐམས་ཅད་ཀྱིས་ཀྱང་དྲིན་གྱིས་བསྐྱངས་པ་འདྲ་བ་ཡིན། དེ་ལྟར་སེམས་ཅན་ཐམས་ཅད་ཀྱིས་མིའི་རྟེན་ལ་རང་གི་མ་བྱས་པ་གཅིག་པུའང་གྲངས་ཀྱིས་མི་ཆོད། དེའི་ཚེ་ཡང་ད་ལྟའི་མ་བཞིན་དྲིན་གྱིས་བསྐྱངས། དེ་བཞིན་དུ་འགྲོ་བ་གཞན་གྱི་མ་བྱས་སྐབས་ཀྱང་རི་དྭགས་ལྟ་བུར་སྐྱེས་པའི་ཚེ། དེའི་མར་བྱས་ཏེ་བྱམས་པའི་ལས་ཐ་ནའང་ལྕེས་བལྡག་པ་ཚུན་ཆད་ཀྱིས་བྱམས་པར་བསྐྱངས། བྱ་ལྟ་བུའི་མ་བྱས་སྐབས་ཀྱང་ཟླ་བ་གཅིག་ཙམ་གཤོག་པས་རུམ། མིས་དབྱུག་པ་སོགས་ཀྱིས་དགྲ་བྱས་པ་ནའང༌། རང་ཉིད་གཤོག་པ་ཡོད་པས་འཕུར་ནུས་མོད་ཀྱང༌། བུ་ལ་གཅེས་ནས་སྲོག་ཀྱང་ཡལ་བར་དོར་ནས་སྲུང༌། ཕྱིས་ནས་འབུ་གཅིག་ལས་མ་རྙེད་ནའང་བྱིན་ནས་གསོ་བར་བྱེད། དེ་ལྟར་ཡང་ཐང་རེ་ཐང་གཉིས་ཙམ་མིན་པར་གནས་སྐབས་ཐམས་ཅད་དུ་དྲིན་གྱིས་བསྐྱངས་པ་ལ་གྲངས་ཀྱིས་མི་ཆོད་ཅིང༌། སྔར་འགོ་ལོག་གི་ཇག་པ་ཞིག་གིས་རྟ་ཞིག་ལ་གྲི་བཏབ་པ་ལྟོ་བ་ལ་ཐེབས་ཏེ། རྟེའུ་སར་ལྷུང་བ་ན། ཤི་ཁ་མའི་མ་དེས་ཀྱང་རྟེའུ་ལ་ལྕེས་བལྡག་སྟེ་བྱམས་པར་བྱེད་པ་མཐོང་ནས། ཇག་པ་དེས་ཇག་ལས་གཅོད་པ་བྱུང་བ་རེད། དེའི་དུས་ཀྱི་རྟེའུ་དེ་རང་ཡིན་ལ། རྟ་དེ་གཞན་འདི་མིན་པའི་ངེས་པ་ཅི་ཡོད། དེ་ལྟར་ཚེ་འདིའི་མས་རང་ལ་དྲིན་གྱིས་ཇི་ལྟར་བསྐྱངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱིས་ཀྱང་དྲིན་གྱིས་དེ་བཞིན་དུ་བསྐྱངས་པར་བསམ།
No comments:
Post a Comment