དོན་ཚན་དྲུག་པ་བློ་སྦྱོང་གི་དམ་ཚིག་ལ་བཅོ་བརྒྱད་ལས། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་གསུངས་པའི། དང་པོ་བློ་སྦྱོང་ཁས་བླང་དང་མི་འགལ་བ་ནི། བློ་སྦྱོང་ལ་བསྙད་བཏགས་ནས་འདུལ་བ་སོགས་བསླབ་པ་འོག་མ་ལ་ཁྱད་དུ་གསོད་པ་མི་བྱེད་པ་དང༌། གཉིས་པ་བློ་སྦྱོང་ཐོ་ཅོར་མ་ཤོར་བ་ནི། བློ་སྦྱོང་ལ་བསྙད་བཏགས་ནས་གཅེས་འཛིན་མེད་མདོག་གིས་མི་དང་མི་མིན་གྱི་ཕོག་ཐུག་སོགས་ལ་མི་འཛེམ་པར་ཤིང་གཉན་གཅོད་པ་སོགས་ཀྱི་ཐོ་ཅོའ་ིསྤྱོད་པ་ཅན་མིན་པ་དགོས། གསུམ་པ་བློ་སྦྱོང་ཕྱོགས་རེ་བར་མ་སོང་བ་ནི། གཉེན་ལ་བཟོད་ཅིང་དགྲ་ལ་མི་བཟོད་པ་དང༌། མི་ལ་བཟོད་ཅིང་མི་མིན་ལ་མི་བཟོད་པ་སོགས་མིན་པ་སྟེ། དེ་དག་ནི་སྤྱི་དོན་གསུམ་མོ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་པ་ནི། རང་གི་རྒྱུད་ཀྱི་སེམས་གྱོང་པོ་སྔར་གནས་སུ་འཇོག་པ་མིན་པར་ཇེ་བཟང་དུ་བཏང་ནས་འཆོས་ཐབས་བྱེད་ཅིང༌། རབ་ན་ཞག་སྐྱེད། འབྲིང་ཟླ་སྐྱེད། ཐ་མ་ལོ་སྐྱེད་ཙམ་ཨེ་འོང་བལྟ་དགོས། དེ་ཙམ་ཡང་མེད་ན། རབ་ཏུ་བྱུང་ཟིན་ནས་ན་ཚོད་རྒན་པོར་སོང་ཡང༌། སྔར་རབ་ཏུ་མ་བྱུང་གོང་གི་སེམས་དེ་སོ་ན་གནས་པ། ཁང་ལྟག་གི་བྲག་གོང་བཞིན་མི་བྱེད་པར་འདུན་པ་བསྒྱུར། གང་གིས་བསྒྱུར་ན། བྱང་སེམས། ངེས་འབྱུང༌། མི་རྟག་པ་སོགས་ཀྱིས་བསྒྱུར་དགོས་ཀྱང༌། ཕྱིའི་ཀུན་སྤྱོད་སོ་ན་གནས་པ་ལས། ནང་དུ་སྐྱེ་རྒྱུའི་ཡོན་ཏན་སྐར་ལྔ་ཙམ་ཡང་མེད་པར། ཕྱི་རོལ་གྱི་སྤྱོད་པ་མིག་ལྤགས་ཟིང་ཟིང་བ་སོགས་ཉམས་ལེན་ཡོད་མདོག་གི་འདྲ་གང་ཆགས་མི་བྱེད་ཅིང༌། ཉམས་མྱོང་དང་ཡར་སྐྱེད་སེམས་ཁོ་ནའི་སྟེང་དུ་བཏོན་ནས་མངོན་མཚན་མེད་ཅིང་ས་ཆོད་ཆེ་བ་སུ་གང་གིས་མ་ཤེས་པར་སྤངས་རྟོགས་མཐོན་པོར་གཤེགས་པ་རྒྱལ་སྲས་ཞི་བ་ལྷ་དང༌། འཕགས་པ་ལམ་ཆུང་བ་ལྟ་བུ་དགོས། དཔལ་ལྡན་ཟླ་བའང་པཎྜི་ཏ་དཀྱུས་མ་ཙམ་ལས་མཐོང་ཆེན་པོ་བྱེད་པ་མ་བྱུང་ཞིང༌། ནང་དུ་རི་མོའ་ིབ་ལས་འོ་མ་བཞོ་ནུས་པའི་གྲུབ་པ་བརྙེས་པའི་རབས་སོགས་གསུངས། དེ་དག་གིས་ཀྱང་མངོན་ཆེ་བ་མ་མཛད་ཅིང༌། བཀའ་གདམས་ཀྱི་ལུགས་འདི་ལའང་བླ་མ་གོང་མ་རྣམས་ཀྱིས་སྒྲུབ་པ་བྱས་བྱས། གྲུབ་རྟགས་བསྟན་བསྟན་སོགས་ཀྱི་སྐད་གྲགས་ཆེར་མེད་པར་མཛད་པ་ལྟར་བྱ། གཞན་དུ་ཡིད་བཞིན་གྱི་ནོར་བུ་མི་གཞན་ལ་ངོམ་པ་ལྟར་བསྒྲགས་ཆེས་ན་བར་ཆད་མང༌། རང་རེས་ཡང་ན་འཇིག་རྟེན་པ་དང་ཁྱད་མེད་དུ་ཚེ་འདི་ལ་ཤོར།
གལ་སྲིད་ཆོས་ཤིག་བྱས་ཀྱང་སྤོ་ལ་དར་བཞིན་དུ་འཕྱར་བར་སྣང་ཡང༌། དེ་ལྟ་མ་ཡིན་པར་ཇོ་བོ་བཀའ་གདམས་པའི་ལུགས་འདིར་ཡོན་ཏན་བུམ་ནང་གི་མར་མེ་བཞིན་སྦ་དགོས་པར་གསུང༌། ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་གཞན་གྱི་སྐྱོན་ནས་མི་བརྗོད་ཅིང༌། གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་གཞན་གྱི་སྐྱོན་གྱི་ཕྱོགས་གང་ལའང་མི་དཔྱོད་པར་རང་སྐྱོན་ལ་བརྟག་དཔྱད་བྱེད་པ་དགོས། དེ་མིན་ཆོས་གྲོགས་དང༌། གྲྭ་ཚང༌། ཁང་ཚན་གྱི་གྲྭ་པ་སོགས་མི་གཞན་ལ་སྐྱོན་ཁོ་ན་འཚོལ་ཏེ་བལྟས་ན། སྟོན་པ་སངས་རྒྱས་ལའང་སྐྱོན་མཐོང་བ་ཆོས་ཉིད་ཡིན་ཞིང༌། དེ་ལྟར་བྱས་ན་ཁྱད་གསོད་སྐུར་འདེབས་སོགས་སྤེལ་བ་ལས་མ་འདས་པས་གཞན་ལ་སྐྱོན་གདགས་པར་མི་བྱ།
ཉོན་མོངས་གང་ཆེ་སྔོན་ལ་སྦྱང༌། །ཞེས་རང་རྒྱུད་ལ་ཉོན་མོངས་གང་ཤས་ཆེ་བ་སྔོན་ལ་སྦྱངས་ཏེ། དེ་ཡང་འདོད་ཆགས་ཤས་ཆེ་བ་ལ་མི་སྡུག་པ་བསྒོམ་པ་སོགས་ཀྱི་གཉེན་པོ་བསྟེན་ནས་སྦྱང་བ་ཡིན། འབྲས་བུ་རེ་བ་ཐམས་ཅད་སྤངས། །ཞེས་པ། དགེ་བ་ཞིག་སྒྲུབ་པ་ནའང་བཟང་ལན་འོང་དུ་རེ་བ་ལྟ་བུ་དང༌། རྣམ་སྨིན་བཟང་པོ་འོང་དུ་རེ་བ་ལྟ་བུ་མི་བྱེད་པ་དང༌། དུག་ཅན་གྱི་ཟས་སྤང༌། ཞེས་སོགས་ནི་རིམ་པ་ལྟར། བདག་གཅེས་འཛིན་གྱི་དུག་དང་འདྲེས་པའི་དགེ་བའི་ཟས་མི་བསྟེན། ཉོན་མོངས་པ་སྐྱེས་པ་ན་གཉེན་པོ་མི་བསྟེན་པར་རྒྱུན་འཐུད་པའི་གཞུང་བཟང་པོ་མི་བྱེད། དགེ་སྦྱོང་གི་བྱེད་ཆོས་བཞིར་གསུངས་པ་ལྟར། གཞན་གྱིས་གཤགས་ངན་སྨྲ་བ་ན་ལན་དུ་གཤགས་ངན་མི་འདེབས། ཆོས་བཞིའི་བྱེད་ཆོས་མི་ལྡན་ན་དགེ་སྦྱོང་དུ་མི་འགྲོ་སྟེ། འདི་དག་མཁན་སློབ་ཀྱི་མདུན་ནས་ཁས་བླངས་པས་སོ། །དེས་ན་ཚུར་ཁྱི་རྒན་ཟེར་བ་ན། ཕར་རྐུན་མ་ཟེར་བ་ལྟ་བུ་དང༌། ཚུར་གཅིག་བརྡེག་པ་ན། ཕར་གཉིས་བརྡེག་པ་སོགས་མི་བྱེད། གཞན་ལ་གནོད་ལན་བྱེད་པའི་ཕྱིར་འཕྲང་ལ་བསྒུག་པ་བཞིན་གནོད་པ་སྐྱེལ་བའི་དུས་སྐབས་སྒུག་པར་མི་བྱེད། འདི་ཡང་ཁ་འཛུམ་གཏིང་ནག་གི་གཡོ་སྒྱུ། འཇིག་རྟེན་པ་བླུན་པོ་དག་གིས་ལེགས་པར་བརྩི་བ་དེ་ཡིན་པས། ཆོས་དང་འཇིག་རྟེན་འགལ་བ་ཡང་གནད་དེའོ། །གཞན་གྱི་སྐྱོན་ཆེན་པོ་རང་གིས་ཤེས་པ་ན། མང་པོའ་ིདབུས་སུ་དམའ་འབེབ་པའམ་གནད་ནས་དབབ་སྟེ་སྐྱོན་མཚང་མི་སྨྲ། འདིས་མཚོན་མི་མ་ཡིན་སོགས་ཚར་གཅོད་ཕྱིར་དྲག་སྔགས་འདོན་པ་སོགས་ཀྱང་མི་བྱེད། རང་གིས་མ་ཡིན་པའི་ལས་བྱས་པ་གཡོ་ཐབས་ཀྱིས་གཞན་གྱི་སྟེང་དུ་འགེལ་བའམ། ཁག་ངན་བྱུང་བ་ཐབས་ཀྱིས་གཞན་ལ་འགེལ་བར་མི་བྱེད་པ་སྟེ་མཛོ་ཁལ་གླང་ལ་མི་འབྱོ། བློ་སྦྱོང་འདི་བདག་གཅེས་འཛིན་འདུལ་བའི་ཕྱིར་ཡིན་པ་ལ། མི་མིན་གྱིས་མི་གནོད་པ་དང་རྙེད་བཀུར་སྙན་གྲགས་ཀྱི་ཕྱིར་བྱེད་པ་སོགས་གཅེས་འཛིན་འཕེལ་བའི་རྒྱུར་བསྒོམ་པའི་ལྟོ་བཅོས་ལོག་པ་ལྟར་མི་བྱ། ཐུན་མོང་དུ་དབང་བའི་ཀ་ཅ་ལྟ་བུ་མགྱོགས་པོར་རང་ལ་འོང་ཐབས་བྱེད་པའམ་བཟང་ཤོས་དེ་རང་ལ་སྔོན་དུ་ཐོབ་ཐབས་བྱེད་པའི་མགྱོགས་ཀྱི་རྩེ་མི་གཏོད། བློ་སྦྱོང་བདག་གཅེས་འཛིན་གྱི་གཉེན་པོར་མི་འགྲོ་བར་གྲོགས་སུ་འགྲོ་བ་ལྟ་བུ་ལྷ་བདུད་དུ་མི་དབབ། རང་གི་བདེ་སྐྱིད་ཀྱི་ཕྱིར་དགྲ་གུད་ན་དང་ཤི་ན་སྙམ་པ་ལྟ་བུ་སྐྱིད་ཀྱི་ཡན་ལག་ཏུ་སྡུག་མི་འཚོལ་བ་སྟེ། དེ་དག་ནི་དམ་ཚིག་བཅོ་བརྒྱད་དོ།།
བདུན་པ་བསླབ་བྱ་ཉེར་གཉིས་ལ། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་སོགས་ནི། འདི་ཉམས་སུ་ལེན་པ་པོས་དགེ་སྦྱོར་སྣེ་མང་པོ་མི་དགོས་པར་ཐམས་ཅད་བདག་གཞན་མཉམ་བརྗེའི་སེམས་ཀྱི་སྟེང་དུ་བསྒྲིལ་ཏེ། ཟས་ཟ་བ་ཡང་རང་ལུས་སེམས་ཅན་ལ་བྱིན་ཟིན་པས། སེམས་ཅན་གྱི་དོན་སྒྲུབ་ཕྱིར་ལུས་འདི་གསོ་སྙམ་པ་ལྟ་བུ་སྤྱོད་ལམ་གཞན་ཐམས་ཅད་ལ་དེ་བཞིན་སྦྱོར་ཞིང༌། གཞན་དུ་རིག་སྔགས་དང་བཀའ་བསྒོ་སོགས་ཐམས་ཅད་འདིའི་སྟེང་ནས་བྱེད། སྨན་པས་སྨན་གྱིས་མ་ཕན་ན་གཏར་སྲེག་བྱེད་པ་བཞིན་དུ། ན་ཚ་ཉོན་མོངས་ཀུན་གྱི་གཉེན་པོར་མཉམ་བརྗེའི་སེམས་གཅིག་པུ་འདིས་བརྒྱ་གོ་གཅིག་ཆོད་བྱ། ཀུན་སློང་འཆོས་པ་དང་བསྔོ་བ་གཉིས་དགེ་བ་ཀུན་གྱི་ཐོག་མཐར་བྱ་ཞིང༌། ཉིན་མོར་ཡང་འཕེན་པ་བཏང་བ་ལྟར་བྱེད་ཀྱིན་འདུག་མི་འདུག་བལྟ་བ་གལ་ཆེ། སྐྱིད་སྡུག་གཉིས་གང་བྱུང་ཡང་བློ་སྦྱོང་གི་ཉམས་ལེན་མ་ཤོར་བ་བྱེད་དགོས་ཀྱི། འགའ་ཞིག་གོ་ས་དང་འབྱོར་པ་སོགས་སྐྱིད་ཀྱིས་ཆོས་ཤོར། འགའ་ཞིག་ནི་དགྲ་སོགས་བྱུང་སྟེ་སྡུག་བསྔལ་བས་ཆོས་ཤོར་བ་ཡིན་པས། དེ་གཉིས་གང་བྱུང་ཡང་བློ་སྦྱོང་གི་ཉམས་ལེན་མ་ཤོར་བ་དགོས། ཆོས་སྤྱིའི་དམ་ཚིག་དང༌། བློ་སྦྱོང་གི་དམ་ཚིག་གཉིས་སྲོག་དང་བསྡོས་ཏེ་བསྲུང༌། ཉོན་མོངས་ངོས་ཟིན་དཀའ་བ་དང༌། གཉེན་པོ་བསྟེན་དཀའ་བ་དང༌། རྒྱུན་གཅོད་དཀའ་བ་གསུམ་ལ་ནན་ཏན་དུ་ཤེས་པར་བྱས་ནས་བསླབ། བླ་མ་བཟང་པོ་དང་མཇལ་བ་དང༌། བློ་ལས་སུ་རུང་བ། མཐུན་རྐྱེན་ཟས་གོས་ཚང་བ་སྟེ། ཆོས་བྱེད་པའི་རྒྱུའི་གཙོ་བོ་གསུམ་འཛོམ་ཐུབ་པའི་སྨོན་ལམ་འདེབས། བླ་མ་ལ་མོས་གུས་དང༌། བློ་སྦྱོང་ལ་སྤྲོ་བ་དང༌། དྲན་ཤེས་ཀྱིས་བསླབ་བྱ་བསྲུང་བ་གསུམ་ཉམས་པ་མེད་པར་བྱ། ལུས་ངག་ཡིད་གསུམ་དལ་བར་མ་བཞག་པར་དགེ་བ་ལ་བཀོལ། ལུས་ཀྱི་དགེ་བ་ནི་ཕྱག་སྐོར་སོགས་རྐྱང་པ་མིན་གྱི། ལུས་འདུག་ལུགས་དྲང་པོར་བསྲང་བ་ཚུན་ཀྱང་ལུས་ཀྱི་དགེ་བར་འགྲོ། བློ་སྦྱོང་བྱེད་ཡུལ་ཡང་དགྲ་དང་གཉེན་ཞེས་རིས་སུ་བཅད་པ་དང༌། སེམས་ཅན་དང་སེམས་ཅན་མིན་པ་སོགས་ལ་ཕྱོགས་རིས་མི་བྱེད་པར་སྦྱོང་བ་དང༌། དེ་ལྟའི་ཡུལ་ཐམས་ཅད་ལ་ཁྱབ་པར་བློ་གཏིང་ནས་འབྱོངས་པར་བྱེད་པ་མཆད་ཁ་བ་ལྟར་དགོས། ཁྱད་པར་དགྲ་ལ་བཟོད་པ་སོགས་སྐྱེ་དཀའ་བ་དང༌། ཡུལ་གཉན་པ་བླ་མ། ཕ་མ། ཤག་རོགས་ལྟ་བུ་ལ་ཟུར་དུ་བཀོལ་ནས་གཏིང་འབྱོངས་པར་བསྒོམ། དེ་ཡང་ཟས་གོས་སོགས་མཐུན་རྐྱེན་འཛོམས་མ་འཛོམས་ལ་མ་བལྟོས་པར་བསྒོམ་པ་ལས། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་བ། །ཞེས་པ་ལྟ་བུར་མ་སོང་བ་བྱ། ད་རེས་བསྐྱེད་དཀའ་ལ་དོན་ཆེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་ཀྱང་རང་གཞན་གྱི་དོན་གཉིས་སྒྲུབ་པའི་ཆེད་དུ་བྱེད་པ་དགོས་ཀྱི། ཚེ་འདི་པའི་ཆེད་དུ་བྱ་མི་རིགས་ཏེ། ཚེ་འདི་ལས་ཕྱི་མ་དང༌། འཇིག་རྟེན་ལས་ཆོས། ཆོས་བཤད་སྒྲུབ་གཞན་བྱེད་པ་ལས་བློ་སྦྱོང་བསྒོམ་པ་གཙོ་བོར་བྱ་དགོས་པ་ཡིན་གསུངས།
གོ་ལོག་མི་བྱ། ཞེས་སོགས་ཀྱི་རིམ་བཞིན་གོ་ལོག་དྲུག་ལས། ཆོས་ཀྱི་བྱ་བ་ལ་སྙིང་རུས་དཀའ་སྤྱད་མི་བཟོད་པར་འཇིག་རྟེན་གྱི་བྱ་བ་ལ་དཀའ་སྤྱད་བཟོད་པའི་བཟོད་པ་གོ་ལོག་དང༌། ཐོས་བསམ་སྒོམ་གསུམ་སོགས་ཆོས་ཀྱི་རོ་མྱང་དགོས་ཀྱང༌། དེ་ལ་མི་རྟོག་པར། འཇིག་རྟེན་གྱི་གཏམ་དང་ཚོང་དང་དམག་སོགས་རྟོག་ཅིང་དཔྱོད་ལ་དེའི་རོ་མྱང་བ་རོ་མྱང་གོ་ལོག་དང༌། སྡིག་ཅན་ལ་སྙིང་རྗེ་མི་བསྒོམ་པར། ཆོས་ཕྱིར་དཀའ་བ་སྤྱོད་པ་ལ་སྙིང་རྗེ་བར་བྱེད་པ་སྙིང་རྗེ་གོ་ལོག་དང༌། ཆོས་རྣམ་དག་སྒྲུབ་པ་ལ་ཡིད་མི་འདུན་པར། འཇིག་རྟེན་གྱི་བདེ་སྐྱིད་སྟོབས་འབྱོར་ལ་ཡིད་སྨོན་པ་འདུན་པ་གོ་ལོག་དང༌། རང་ལ་རེ་ལྟོས་འཆའ་བ་དག་ཕྱི་མར་ཕན་པའི་ཆོས་ལ་མི་སྦྱོར་བར། ཚོང་དང་ཁ་མཆུ་སོགས་ཕྱི་མར་གནོད་ཚབས་ཆེ་བ་ཞིག་སློབ་པ་སོགས་གཉེར་སེམས་གོ་ལོག་དང༌། རང་གཞན་གྱི་དགེ་བ་དང་གཞན་གྱི་བདེ་བ་ལ་ཡི་རང་མི་བྱེད་པར་མི་དགེ་བ་དང༌། དགྲ་བོར་སྡུག་བསྔལ་བྱུང་བ་ལ་ཡི་རང་བ་ལྟ་བུ་ཡི་རང་གོ་ལོག་སྟེ། སྔར་དགེ་སློང་ཞིག་གིས་རང་གི་འགྲན་ཟླ་ཞིག་ལ་ཕམ་པ་བྱུང་བར་གོ་ནས་ཡི་རང་བྱས་པ་དགེ་བཤེས་པོ་ཏོ་བས་གསན་པས་ཕམ་པ་བྱུང་བ་དེ་བས་ཀྱང་ཡི་རང་བྱེད་པ་དེ་སྡིག་ཆེ་བ་བྱུང་བར་གསུངས་པ་བཞིན་ནོ། །བླ་མར་ཆོས་ཐོས་པ་སོགས་ཀྱི་ཚེ་ངེས་འབྱུང་སྤུ་སུད་སྐྱེས་ནས། ཉིན་ཁ་ཤས་བསྒྲིམས་དྲགས་པའི་དགེ་སྦྱོར་མི་བྱེད་དགུ་བྱེད་ལ་འབད་ཀྱང་སྐབས་ཤིག་ནས་ཐང་ཆད་དེ་དགེ་སྦྱོར་ལ་མི་འཇུག་པས། དེ་ལྟར་རེས་འཇོག་མི་བྱ་བར། སྒོམ་པ་རིན་ཆེན་བླ་མས། མིག་རྒྱང་བསྲིང༌། ཡིད་རྒྱ་བསྐྱེད། ཁོང་སྲང་ལྷོད་གསུངས་པ་ལྟར་དགེ་སྦྱོར་ལ་ཐང་ལྷོད་རན་པར་བྱས་ནས་སྙུགས་བསྲིངས་ཏེ། ལྡང་བའི་རྣལ་འབྱོར་ནས་བཟུང་སྟེ་རང་གིས་རང་ལ་བསྒྲིག་བཟོས་ནས། ཕྱིས་ནས་རྒྱས་སུ་བཏང༌། དེ་ས་ཆོད་ཆེ་སྟེ། ཤིག་དང་ལྗི་བའི་དཔེ་ལྟར་ཡིན་གསུངས།
དོལ་ཆོད་དུ་སྦྱང་བ་ནི། བློ་སྦྱོང་ལ་བློ་ལིངས་ཀྱིས་འགེལ་བ་ལ་གསུངས་ཀྱང༌། སྨན་པས་ཁྲག་གཏར་བ་ན་རྩ་དང་ལྤགས་པ་གཏིང་ཆོད་པར་མཉམ་དུ་བཅད་པ་བཞིན་བློ་སྦྱོང་དང་རང་གི་རྒྱུད་རྡོ་རུས་ཐུག་པར་བྱེད་ཅིང༌། དེ་ཡང་བློ་སྦྱོང་ལ་རྟོག་དཔྱོད་ཀྱིས་དཔྱད་སྒོམ་བྱེད་བཞིན་དུ་མཐའ་ཆོད་པར་སྦྱང༌།
No comments:
Post a Comment