དཔང་པོ་གཉིས་ཀྱི་གཙོ་བོར་བཟུང༌། །ཞེས་པ་ནི། རང་གཞན་གྱི་དཔང་པོ་གཉིས་ཏེ། རང་ལ་ཉམས་ལེན་གཤའ་མ་མེད་ཀྱང་ཚུལ་འཆོས་བགྱིས་ཏེ། གཞན་གྱིས་ཚད་དུ་འཛིན་ཅིང༌། ཚུལ་ཁྲིམས་གཙང་མདོག་ཁ་ལ་བཟང་པོར་བརྩི་བ་ཙམ་བྱུང་ཡང༌། དེ་ཙམ་ནི། ཨ་མྲའི་འབྲས་བུ་ཕྱི་ནང་སྨིན་མ་སྨིན་རིགས་བཞིར་གསུངས་པ་ལས་ཕྱི་སྨིན་ལ་ནང་མ་སྨིན་པ་དང་འདྲ་བས། བྱི་ལ་འཇབ་པའི་གཡོ་འཕྲུལ་ཅན་དེ་ལྟ་བུ་ལ་ཆོས་གཞན་མི་ཤེས་པ་དག་གིས་བཟང་པོའ་ིགྲལ་དུ་འཛིན་མོད། དེ་འདྲ་བ་དག་མི་བྱ་ཞིང༌། གཞན་ཡང་ནང་སྨིན་ལ་ཕྱི་མི་སྨིན་པའང་མིན་པར། ཕྱི་དུལ་བས་གཞན་གྱིས་ཁྲེལ་མ་དགོས་པ་དང༌། ནང་དུལ་བས་རང་རྒྱུད་ཉམས་ལེན་གྱིས་ཕྱུག་པའི་ཕྱི་གཙང་ནང་གཙང་བ་དགོས། བྱང་ཆུབ་སེམས་དཔའ་རྣམས་ནི༑ གྲགས་པ་ངན་པ་སྤོང་མི་བྱེད། །ཅེས་པ་ལྟར། ཕྱིའི་ཀུན་སྤྱོད་ཀྱང་གྲགས་པ་ངན་པའི་གཞི་རྣམས་སྤངས་ནས་གཟབ་སྟེ་གཙོ་བོར་རང་གིས་རང་ལ་མི་ཁྲེལ་བ་ཞིག་གལ་ཆེ་གསུངས། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཞེས་པ་ནི། འབྱོར་པ་སོགས་བྱུང་བ་ན་སྤེལ་བ་དང་སྲུང་བའི་རྣམ་རྟོག་མང་པོས་ཡིད་མི་བདེ་བ་མི་བྱེད་ཅིང༌། མེད་ནའང་འཚོལ་བའི་སེམས་ངལ་མེད་པར་ཡོད་པ་དག་གི་སྐྱོན་བསམས་ལ་རྐྱེན་བཟང་ངན་གང་བྱུང་ཡང་ལམ་དུ་འཁྱེར་ཤེས་པའི་ཡིད་བདེ་དང༌། ཆོག་ཤེས་བྱ། དེ་བཞིན་དུ་བསྟོད་སྨད་སོགས་ཆོས་བརྒྱད་མགོ་སྙོམས་པར་བྱེད་ཅིང་སྐྱིད་ནའང་དེ་ལུགས་དང༌། སྡུག་ནའང་དེ་ལུགས་ཀྱི་རྒྱུ་མཚན་བརྟགས་པས་ཡིད་མི་བདེ་བ་མེད་པར་འགྱུར་བ་འོང་གསུངས།
ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་པ་ནི། རྟ་རྩལ་ཆེར་མེད་པ་དག་སེམས་མ་ཡེངས་ན་རྟས་མི་བསྐྱུར་ཡང༌། ཡེངས་ན་བསྐྱུར་ལ། རྟ་རྩལ་ཅན་ཡེངས་ཀྱང་མི་བསྐྱུར་བ་བཞིན་དུ༑ བློ་སྦྱངས་ཀྱང་མ་འབྱོངས་པ་ནི། རྟ་རྩལ་མེད་པས་རྟ་ཞོན་པ་བཞིན། སེམས་ཡེངས་པའི་སྐབས་གཞན་ཞིག་གིས་ཚིག་ངན་སྨྲས་ན། དང་པོར་ཁྲོ་བ་སྐྱེ་ཞིང༌། ཕྱིས་ནས་དྲན་པས་ཟིན་པ་ན་ཁོང་ཁྲོ་ཞི་འགྲོ་བ་ཡིན་ཞིང༌། བློ་འབྱོངས་པས་ནི། སེམས་ཡེངས་པ་ནའང༌། གཞན་གྱི་བརྡེག་འཚོག་ངན་སྨྲ་སོགས་ལ་ཁོང་ཁྲོ་མི་སྐྱེ་བ་ནི་བློ་འབྱོངས་པའི་ཚད་དོ། །བྱང་བའི་ཚད་ནི་ལོག་པ་ཡིན། །ཞེས་པ་འཆི་བ་མི་རྟག་པ་དང༌། ངེས་འབྱུང་གི་བློ་འབྱོངས་པའི་ཚད་ཚེ་འདིའི་སྣང་ཤས་དང༌། འཁོར་བའི་ཕུན་ཚོགས་ལ་ཡིད་སྨོན་ལྡོག་པ་སོགས་ཡིན་པ་བཞིན་དུ་འདིར་བདག་གཅེས་འཛིན་ལོག་པ་ནི་བྱང་བའོ། །འབྱོངས་རྟགས་ཆེན་པོ་ལྔ་ལྡན་ཡིན། །ཞེས་པ་སྡུག་བསྔལ་དང་གནོད་པ་སོགས་གང་བྱུང་ཡང་ཉོན་མོངས་པས་ཡིད་མི་བསྐྱོད་པས་བཟོད་ནུས་པའི་དཀའ་ཐུབ་པ་ཆེན་པོ། བདག་པས་གཞན་གཅེས་པར་འཛིན་པའི་སེམས་དཔའ་ཆེན་པོ། སྤྱོད་ལམ་ཀུན་ཏུ་ཆོས་སྤྱོད་བཅུའི་ཉམས་ལེན་ལས་མི་འདའ་བའི་དགེ་སྦྱོང་ཆེན་པོ། སྡིག་པ་མི་དགེ་བ་ཕྲ་མོས་ཀྱང་མ་གོས་པར་ཞི་དུལ་དུ་གནས་པའི་འདུལ་འཛིན་ཆེན་པོ། ཐེག་ཆེན་གྱི་ལམ་རྣལ་མ་ལ་འབྱོར་བའི་རྣལ་འབྱོར་པ་ཆེན་པོ་སྟེ་ལྔ་པོ་འདི་བློ་སྦྱོང་འདི་ལྟ་བུ་བསྒོམས་པ་ལ་འོང་གསུངས།
No comments:
Post a Comment