མིག་རྒྱང་བསྲིང༌། ཡིད་རྒྱ་བསྐྱེད། ཁོང་སྲང་ལྷོད།
གསུངས་པ་ལྟར་དགེ་སྦྱོར་ལ་ཐང་ལྷོད་རན་པར་བྱས་ནས་སྙུགས་བསྲིངས་ཏེ། ལྡང་བའི་རྣལ་འབྱོར་ནས་བཟུང་སྟེ་རང་གིས་རང་ལ་བསྒྲིག་བཟོས་ནས། ཕྱིས་ནས་རྒྱས་སུ་བཏང༌། དེ་ས་ཆོད་ཆེ་སྟེ། ཤིག་དང་ལྗི་བའི་དཔེ་ལྟར་ཡིན་གསུངས།
དོལ་ཆོད་དུ་སྦྱང་བ་ནི། བློ་སྦྱོང་ལ་བློ་ལིངས་ཀྱིས་འགེལ་བ་ལ་གསུངས་ཀྱང༌། སྨན་པས་ཁྲག་གཏར་བ་ན་རྩ་དང་ལྤགས་པ་གཏིང་ཆོད་པར་མཉམ་དུ་བཅད་པ་བཞིན་བློ་སྦྱོང་དང་རང་གི་རྒྱུད་རྡོ་རུས་ཐུག་པར་བྱེད་ཅིང༌། དེ་ཡང་བློ་སྦྱོང་ལ་རྟོག་དཔྱོད་ཀྱིས་དཔྱད་སྒོམ་བྱེད་བཞིན་དུ་མཐའ་ཆོད་པར་སྦྱང༌། ཉོན་མོངས་གང་ཤས་ཆེ་བའི་གཉེན་པོ་བསྟེན། སེམས་ཅན་གྱི་དོན་རང་གིས་བསྒྲུབ་འོས་ཤིང༌། བསྒྲུབ་པར་ཁས་བླངས་ཟིན་པས། དེ་སྒྲུབ་པ་ན་གཞན་སུ་ལའང་ཡུས་མི་བྱེད། མང་པོའ་ིདབུས་སུ་གཞན་གྱིས་དམའ་དབབ་པ་སོགས་ལ་མི་ཁྲོ་བ་སོགས་ཀོ་ལོང་མི་སྡོམ། རྐྱེན་ཕྲ་མོ་རེས་དགའ་ཆོག་སྡུག་ཆོག་དཔྱིད་ཀའི་གནམ་ལྟར་ཡུད་ཙམ་པ་མི་བྱ། ཕན་བཏགས་པ་ལ་ལེགས་སོའ་ིགཏམ་སོགས་རེ་བ་ཆེན་པོས་དོན་དུ་མི་གཉེར་བ་སྟེ། དེ་དག་ནི་བསླབ་བྱའོ། །དེ་ལྟར་བྱས་ན་ཚེའི་སྙིགས་མ་སོགས་སྙིགས་མ་ལྔ་བདོ་བ་ཡང་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བར་ནུས་ཤིང༌། མན་ངག་འདི་གསེར་གླིང་པ་ནས་བརྒྱུད་པ་ཡིན་ལ། མཆད་ཁ་བ་རང་ཉིད་ཀྱིས་བྲོད་རྙེད་པས་ཤི་ཡང་མི་འགྱོད་པར་གསུངས་སོ། །དེ་དག་གིས་ལྟ་བའི་སྐོར་ལས་གཞན་ཞུས་ཟིན་ལ། འདིའི་འགྲེལ་པ་མང་པོར་སྔ་རབས་པའི་ལྟ་བ་ལྟར་འདི་ཡིན་གཏད་སོ་མེད་པ་ཞིག་ཏུ་ཡོད་ལ། བློ་སྦྱོང་ཉི་མའི་འོད་ཟེར་ནི་ལྟ་བའི་སྐོར་རྣམས་དབུ་མ་ཐལ་འགྱུར་བ་དང་མཐུན་པར་ཡོད་པས་ན། ཐལ་འགྱུར་བ་ལྟར་བསམ་དགོས། གསེར་གླིང་པ་ནི་དང་པོར་སེམས་ཙམ་པའི་ལུགས་ཀྱི་ལྟ་བ་འཛིན་པ་ལ། ཕྱིས་དབུ་མ་པར་ཞུགས་པར་གསུངས་ཡོད། ལམ་རིམ་ཉམས་འཁྲིད་འཆད་སྐབས་སེམས་བསྐྱེད་ཡན་མ་གཏོགས། དེ་མན་ལ་བཤད་པ་གསུམ་བཞི་བསྐྱར་བའི་ཕྱག་ལེན་མི་མཛད་གསུངས།
No comments:
Post a Comment