Tuesday, 15 September 2015

འཆི་ཀ་མའི་སྟོབས་ལྔ་།


འཆི་ཀ་མའི་སྟོབས་ལྔ་ནི། བློ་སྦྱོང་གི་འཕོ་བ་སྟེ། ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་གསུངས་པ་དེ་ཡིན། བློ་སྦྱོང་གི་འཕོ་བ་ལ་ཧིཀ་དང་ཕཊ་མེད་ཀྱང་འཕོ་བ་གཞན་ལས་འདི་ཟབ། དེ་ལ་གྲངས་འདྲེན་སྔར་བཞིན་ལ། འཕེན་པའི་སྟོབས་ནི། བདག་གིས་འཆི་ཁ་དང་བར་དོ་སོགས་སུའང་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་བྱེད་སྙམ་ནས་འཕེན་པ་བཏང༌། དཀར་པོ་ས་བོན་གྱི་སྟོབས་ནི། གང་ལ་ཆགས་ཞེན་ཆེ་བའི་ཀ་ཅས་མཚོན། ཀ་ཅ་ཐམས་ཅད་ཡར་མཆོད་མར་སྦྱིན་བྱེད་པ་སོགས་ཞིང་ཁྱད་པར་ཅན་ལ་བཏང་བའམ་ཡོ་བྱད་གང་ཡོད་ཕར་བཅད་ཚུར་བཅད་ཀྱིས་གཏོང་རྒྱུར་བསྔོས་ཏེ་ཆགས་ཞེན་མེད་པར་བྱས་ན་ཤི་བའི་རྗེས་སུ་གཞན་གྱིས་དགེ་རྩ་བཏང་བ་དང་མི་འདྲ་བར་དེ་ཕན་ཚབས་ཆེ། དེ་ལྟར་མ་བསྔོས་ན། ལྷུང་བཟེད་ལ་ཆགས་པའི་དགེ་སློང་ཞིག་སྦྲུལ་དུ་སྐྱེས་པ་སངས་རྒྱས་ཀྱིས་ནགས་སུ་བསྐྲད་པ་ན། ཁོ་ཁྲོས་ནས་ཁོང་ཁྲོའ་ིམེས་ནགས་ཚལ་དང་ཁོ་རང་གཉིས་ཀ་ཚིག་སྟེ་དམྱལ་བར་སྐྱེས་ཤིང་དགེ་སློང་དེའི་སྐྱེ་བ་སྔ་ཕྱི་གསུམ་གྱི་ལུས་ལ་མེ་འབར་བ་གསུམ་དུས་མཉམ་དུ་བྱུང་བ་དང༌། ཡང་གསེར་ས་འོག་ཏུ་སྦས་པ་ལ་ཡིད་ཆགས་པ་ཞིག་སྦྲུལ་དུ་སྐྱེས་ནས་གསེར་སངས་རྒྱས་ལ་ཕུལ་དུ་བཅུག་པའི་རབས་ལྟར་ཡིན། དེ་བཞིན་དུ་རང་གི་ལུས་ལ་ཆགས་ནའང༌། དེའི་ནང་གི་འབུར་སྐྱེ་བ་ལྟ་བུ་འོང་སྟེ། སྔོན་རྒྱ་མཚོའི་འགྲམ་དུ་བུད་མེད་ཀྱི་རོ་ཞིག་ལ་སྲིན་བུ་སྦྲུལ་འདྲ་བ་ཞིག་གིས་ཁ་སྣ་མིག་རྣ་བ་སོགས་སུ་ཕར་ཐལ་ཚུར་ཐལ་དུ་འཛུལ་ཏེ་རོ་དེ་ལ་འཁོར་ནས་སྡོད་པ་ཞིག་ཡོད་པ་སྔར་བུད་མེད་ཅིག་རང་གི་ལུས་ལ་ཆགས་ཏེ་མེ་ལོང་ལ་རྟག་ཏུ་བལྟ་བ་ཞིག་ཤི་ནས་དེ་འདྲ་ཞིག་ཏུ་སྐྱེས་པར་གསུངས་པས། འཆི་ཁར་ཚོགས་གསོག་པ། བྱང་སེམས་འཕེལ་བའི་སྨོན་ལམ་ཤུགས་དྲག་བྱེད་པ། གཙོ་བོ་ལུས་ལ་མ་ཆགས་པ་བྱེད་པ་རྣམས་གལ་ཆེ། ཡང་གྲྭ་རྐྱང་ཞིག་དངུལ་ལ་ཤིན་ཏུ་ཆགས་པས་ཤི་ནས་སྦལ་པར་གྱུར་ཏེ་དངུལ་དེ་ལ་སྦར་མོས་འཐམ་ནས་སྡོད་པ་ཞིག་ཏུ་སྐྱེས་ཚུལ། འགའ་ཞིག་ནི་ཆགས་པའི་དབང་གིས་འཆི་ཁར་འཆི་ཡང་མི་ཐུབ་པ་ལྟ་བུ་བྱུང་སྟེ། ཨ་མདོའ་ིགྲྭ་རྒན་ཞིག་ཞག་ལ་ཆགས་ནས་ཤི་དཀའ་བ་བྱུང་བ་ལ། གུང་ཐང་འཇམ་དཔལ་དབྱངས་ནས་ཐབས་མཁས་ཀྱིས། དགའ་ལྡན་གྱི་ཞིང་དུ་འདུན་པ་ཐོངས་དང་དེར་ང་ཚོའི་རིགས་གྲྭའི་ཞག་ལས་ཆེས་བཟང་བ་ཡོད་པར་གསུངས་པས་དེ་མ་ཐག་ཏུ་དབུགས་ཆད་ཐུབ་པ་བྱུང༌། རང་ཅག་ལའང་དེ་ལྟར་འོང་ཉེན་ཡོད་པས་ཆགས་སོགས་སྤོང་བ་གལ་ཆེ། སུན་འབྱིན་པའི་སྟོབས་ནི། འཆི་ཁར་བཤགས་སྡོམ་སྟོབས་ཆེན་བྱེད་པ་སྟེ། གསང་སྔགས་པ་ཡིན་ན། རང་གིས་བདག་འཇུག་ལེན་པའམ། དབང་བསྐྱར་ནས་ཞུས་ཏེ་བྱང་སྡོམ་སྔགས་སྡོམ་སོར་ཆུད་པར་བྱེད། དེ་མིན་ཡང་བཤགས་སྡོམ་གང་ནུས་ལེགས་པར་བྱེད།

འདི་ནི་སྤྱིར་དུས་རྒྱུན་དུ་དང༌། ལྷག་པར་འཆི་ཁར་ཤིན་ཏུ་གནད་ཆེ། དེ་ལྟར་མ་བྱས་ན་འདིས་སྒྲིབ་ནས། དག་ཞིང་སོགས་སུ་འགྲོ་ཆོག་ཆོག་ཡིན་ཡང་འགྲོ་མི་ནུས། སྨོན་ལམ་གྱི་སྟོབས་ལ། འདི་ནི་དག་ཞིང་སོགས་ལ་སྨོན་པ་མིན་གྱི། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྡིག་སྒྲིབ་རང་ལ་སྨིན་པ་དང༌། བྱང་ཆུབ་ཀྱི་སེམས་སྐྱེ་བའི་སྨོན་ལམ་འདེབས་པ་ཡིན། གོམས་པའི་སྟོབས་ནི། དུས་རྒྱུན་དུ་བྱང་ཆུབ་ཀྱི་སེམས་ལ་གོམས་འདྲིས་བྱས་ཏེ་འཆི་ཁར་ཡང་བློ་གོམས་པའི་སྟོབས་ཀྱིས་བྱང་སེམས་བསྒོམ་བཞིན་པའི་ངང་ནས་འཕོ་ཐབས་བྱེད་པ་སྟེ། དེ་ལས་ལྷག་པ་བྱར་མེད། སྤྱོད་ལམ་ནི། སྟོན་པ་ཐུགས་རྗེ་ཅན་མྱ་ངན་ལས་འདས་སྐབས་བཞིན་དུ་སྤྱོད་ལམ་གཞོགས་གཡས་ས་ལ་ཕབ་ནས་སེང་གེའི་ཉལ་སྟབས་ཀྱིས་འཕོ་བ་སྟེ། འདི་ཙམ་གྱིས་ཀྱང་དག་ཞིང་དུ་བགྲོད་པ་ལ་ཁྱད་ཆེ། སྤྱིར་ན་སྐྱེས་བུ་ཆུང་ངུ་ལྟ་བུ་ནི་སྐྱབས་འགྲོའ་ིངང་ནས་འཕོ་ལ། སྐྱེས་བུ་ཆེན་པོ་ནི་བྱང་སེམས་བསྒོམ་བཞིན་དུ་འཕོ་བ་སོགས་དགོས། དེས་དག་ཞིང་དུ་བགྲོད་ལུགས་མེད་སྙམ་ན༑ དེ་ངེས་པར་ཡོད་དེ། མཆད་ཁ་བ་འདའ་ཀར་ཉེ་གནས་ལ་མཆོད་པ་ལ་འུར་གཤོམས་དང༌། ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མནར་མེད་དུ་འགྲོ་བ་སྨོན་པར་བྱས་ཀྱང༌། མི་འགྲོ་བར་འདུག །དག་ཞིང་གི་སྣང་བ་ཤར་བྱུང་གསུངས་པ་དང༌། དགེ་བཤེས་པོ་ཏོ་བས་ཀྱང་དེ་བཞིན་མཛད་ཚུལ། སྔར་མ་སྨད་གཉིས་ཆུས་ཁྱེར་བའི་ཚེ། གཉིས་ཀས་ཕན་ཚུན་སེམས་བཟང་པོ་བསྐྱེད་པས་དགའ་ལྡན་དུ་སྐྱེས་པ་དང༌། ཡང་ལྷོ་ཁའི་བྱ་སའི་ཀོ་བ་ཐེངས་ཅིག་ལྕི་དྲགས་ཏེ་རྡིབ་པར་ཉེ་བ་ན་བང་ཆེན་པ་ཞིག་སེམས་བཟང་པོ་བསྐྱེད་དེ་ཆུར་མཆོངས་ཀྱང་མ་ཤི་བར་འཇའ་ཟུག་པ་བྱུང་བ་ལྟར་སེམས་བཟང་ཚུལ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་གསལ་བཏབ་ན་ནི། གནས་བཟང་བར་སྐྱེ་བར་ཐེ་ཚོམ་མེད། ང་ཚོས་ཧིཀ་དང་ཕཊ་ཟེར་བའི་འཕོ་བ་ལ་འགངས་ཆེར་བྱེད་ཅིང༌། འཕོ་བའི་རྟགས་ཐོན་པ་ལ་རྩ་བ་ཆེ་བར་བརྩི་ཡང༌། དམིགས་པ་གང་ཡང་མེད་པར་ཧིཀ་མང་དུ་སྦྱང་ན་སྤྱི་གཙུག་ཏུ་འཕོ་རྟགས་ཐོན་པ་སོགས་འབྱུང་བས་དེ་རླུང་གི་འཕྲུལ་ཡིན་པ་ལས་དེ་ཙམ་ངོ་མཚར་ཆེ་རྒྱུ་མེད། བློ་སྦྱོང་གི་འཕོ་བ་ལ། ཧིཀ་དང་ཕཊ་མེད་ཀྱང་འཕོ་བ་ཐམས་ཅད་ལས་ཟབ་ཤོས་འདི་ཡིན་པས། འཕོ་བ་གཞན་ཉམས་སུ་བླངས་ཀྱང་འཆི་ཁར་ངན་སོང་གི་སྐྱེ་སྒོ་ཁེགས་མི་ཁེགས་ཐེ་ཚོམ་ཡོད་ལ། འདིའི་སྟོབས་ལྔའི་སྒོ་ནས་འཕོས་ན་ནི། སྐྱེ་གནས་ངན་པར་མི་ལྟུང་བ་ངེས་པ་ཅན་ཡིན་གསུངས།

No comments:

Post a Comment