Thursday, 3 September 2015

སྦྱོར་བ་བཞི་དང་སྟོགས་ལྔ་།

དེ་ནས་སྦྱོར་བས་བསྒྱུར་བ་ལ། སྦྱོར་བ་བཞི་ནི། 
  1. ཚོགས་གསོག །
  2. སྒྲིབ་སྦྱོང༌། 
  3. འབྱུང་པོར་གཏོར་མ་བཏང་བ། 
  4. ཆོས་སྲུང་ལ་འཕྲིན་ལས་བཅོལ་བ་སྟེ། 
བློ་སྦྱོང་ལ་ལེགས་པར་གོམས་པ་དེས་ཆོས་སྲུང་སོགས་ལའང་ན་ཚ་སོགས་བྱུང་བའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་པ་འདི་ངས་གཏོང་ལེན་བྱས་པའི་དགོས་པ་གྲུབ་པ་ཡིན་པས། སླར་ཡང་ད་ལྟའི་ནད་འདི་ལས་ད་དུང་ཇེ་ཐུར་ཐོངས་ཤིག་ཅེས་འཕྲིན་ལས་བཅོལ། འབྱུང་པོ་ལ་གཏོར་མ་བཏང་བ་ན༑ ཁྱེད་ཀྱིས་བདག་ལ་གནོད་པ་བྱེད་པ་དེས་བདག་གི་སྡིག་སྒྲིབ་དག །ཚོགས་རྫོགས། ཉམས་ལེན་ལ་བོགས་ཐོན་པས་དྲིན་ཆེ། ད་དུང་ཡང་གནོད་པ་སྔར་ལས་ཀྱང་ཆེ་བ་དང་མང་བ་ཐོངས་ཞེས་བསམ། བློ་ཆེར་མ་འབྱོངས་པ་དག་གིས་དེ་ལྟར་མི་ནུས་ཤིང་འཇིགས་ན། ན་ཚ་སོགས་མི་འབྱུང་བའི་གྲོགས་བཅོལ་བ་སོགས་སྤྱི་ལྟར་བྱེད། སྡུག་བསྔལ་བྱུང་ཚེ་རང་སྡོད་སར་ཆུ་ཤོར་བ་ན། རྩ་བ་རྩད་གཅོད་བྱས་ནས་འགོག་པ་ལྟར་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོང་ཞིང་བདེ་བའི་རྒྱུ་ཚོགས་གསོག་དགེ་བ་སྒྲུབ། གཏོར་མ་བརྒྱ་རྩའི་མཇུག་ཏུ་ལྟུང་བཤགས་ཀྱི་སྒོ་ནས་བཤགས་པ་ཞིག་བྱེད་ན། དེ་ལ་སྦྱོར་བ་བཞི་ཀ་རྒྱས་པར་ཚང་ཞིང༌། བརྒྱ་རྩའི་མཇུག་བློ་སྦྱོང་སྨོན་ལམ་བྱེད་པའང་དེ་དང་བསྟུན་པ་ཡིན། འཕྲལ་ལ་གང་ཐུག་སྒོམ་ལ་སྦྱོར། །ཞེས་པ་ནི་གློ་བུར་དུ་རྐྱེན་བཟང་ངན་གང་བྱུང་ནའང༌། དེ་འཕྲལ་ལམ་དུ་ཁྱེར་ཏེ་བློ་སྦྱོང་ལ་སྦྱར་བ་དགོས་གསུངས།

བཞི་པ་ཚེ་གཅིག་གི་ཉམས་ལེན་བསྒྲིལ་ནས་སྟོན་པ་ལ། སྟོབས་ལྔ་སྟེ། 
  1. དཀར་པོ་ས་བོན་གྱི་སྟོབས། 
  2. གོམས་པའི་སྟོབས། 
  3. འཕེན་པའི་སྟོབས། 
  4. རྣམ་པར་སུན་འབྱིན་པའི་སྟོབས། 
  5. སྨོན་ལམ་གྱི་སྟོབས་སོ། །
དེའི་ནང་ནས་འཕེན་པའི་སྟོབས་འདི་གལ་ཆེ་སྟེ། ནངས་པར་ལངས་མ་ཐག་ནས། སྤྱིར་ཚེ་འདི་དང༌། ཡང་སྒོས་ལོ་འདི་དང༌། ཁྱད་པར་དེ་རིང་གི་ཉི་མ་འདི་དོན་མེད་དུ་མི་བཏང་བར་དགྲ་བོ་བདག་གཅེས་འཛིན་བཏུལ་ཏེ་དོན་ལྡན་བྱེད་སྙམ་པའི་བློ་ཤུགས་དྲག་བསྐྱེད་དགོས། འཕེན་པ་འདིས་བྱ་སྤྱོད་དགེ་མི་དགེ་དང་ཐེག་པ་ཆེ་ཆུང་གི་ལས་ཐམས་ཅད་བསྐྱེད་དེ། ཐ་ན་ཤིག་གཅིག་བསད་པའམ། གུང་ཚིགས་བཟོ་བ་ཚུན་འཕེན་པ་བཏང་ནས་བྱས་པ་ཡིན་ལ། རང་ཅག་ད་ནངས་ཡར་ལྡང་སྟེ་སྐེ་རགས་འཆིང་སྐབས་ནས་བཟུང༌། ལྟོ་གོས་གཏམ་སྙན་སོགས་ཚེ་འདིའི་བདེ་ཐབས་ཤིག་ལ་འཕེན་པ་གཏོང་མོད། དེ་ལྟར་མི་བྱ་བར་རང་གིས་མི་བརྗེད་པའི་ཕྱིར་དུ་སྐེ་རགས་ལ་མདུད་པ་ཚུན་གྱི་བརྗེད་ཐོ་བཏབ་ནས་སྔར་བཤད་པའི་འཕེན་པ་བཏང་སྟེ། བློ་ཕུགས་ནས་ཐག་གཅོད། 
དཀར་པོ་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་འཕེལ་བའི་ཕྱིར། སྦྱོར་ཆོས་སོགས་ཀྱི་སྒོ་ནས་ཚོགས་བསགས་སྒྲིབ་སྦྱང་བྱེད་པ་ཡིན། རང་ཚོས་དགེ་བ་བྱས་ཚད་ཚེ་འདི་པ་ལ་ཤོར་བ་ཕལ་ཆེ་བས་དེ་ལྟར་མ་སོང་བ་གལ་ཆེ། 
གོམས་པའི་སྟོབས་ནི། འགྲོ་འཆག་ཉལ་འདུག་གི་སྐབས་ཀུན་ཏུ་བྱང་ཆུབ་ཀྱི་སེམས་གཉིས་འཕེལ་ཐབས་ལ་སྦྱངས་ཏེ་སྒྲུབ་པ་རྒྱུན་མི་འཆད་པ་བྱེད་པ་ཡིན། བྱང་སེམས་བདག་ཉིད་ཆེན་པོ་རྣམས་ཀྱིས་རང་ཅག་གི་བློར་མི་ཆུད་ཅིང༌། ལག་ལེན་དུ་བྱེད་པར་དཀའ་བའི་བྱང་སེམས་ཀྱི་སྤྱོད་པ་མགོ་དང་རྐང་ལག་སྦྱིན་པར་བཏང་བ་སོགས་ཀྱང་བློ་གོམས་པ་ལས་བྱུང་བ་ཡིན་ཏེ། དང་པོར་མི་ཤེས་པའི་ལྕགས་བཟོ། ཤིང་བཟོ་སོགས་ཀྱང་རྗེས་སུ་ཤེས་པ་ན་མི་དཀའ་བ་བཞིན་དུ་རང་གི་ལུས་སྲོག་སྦྱིན་པར་གཏོང་བའང༌། ཕྱིས་གོམས་པ་ན་སྔོ་ཚོད་སྟེར་བ་ཙམ་དུ་ལས་སླ་བ་འབྱུང་སྟེ། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས། སྔོན་གྱི་སྐྱེས་ཆེན་འགའ་རེས་ཆིབས་རྟ་ལ་ཆིབས་པ་ན། ཞབས་ཡ་གཅིག་ཡོབ་ཏུ་བཙུད་ནས། ཅིག་ཤོས་རྒྱབ་ཀྱི་ཡོབ་ལ་མ་བཙུད་པའི་བར་ནའང༌། ལམ་རིམ་ལ་བཤར་སྒོམ་ཚར་བ་ཡོད་པར་གསུངས་པའང་གོམས་པ་ལས་བྱུང༌། གོམས་པ་དང་བསྒོམ་པ་དོན་གཅིག་ཅིང༌། རང་རེས་ཇ་ཕོར་གང་ཙམ་འཐུང་བ་ལའང་མ་གོམས་ན་ལས་སླ་བ་ཇི་ལྟར་འབྱུང༌། 
རྣམ་པར་སུན་འབྱིན་པའི་སྟོབས་ནི། གཅེས་འཛིན་ཁོ་ནམ་སྐྱེས་པ་ན་དགག་སྟེ་ཁྱི་རྐུན་བརྡུང་བ་ལྟར་འབུར་འཇོམས་བྱས་ལ་གཅེས་འཛིན་སུན་དབྱུང་བ་ཡིན། 
སྨོན་ལམ་གྱི་སྟོབས་ནི། ཉིན་རེའི་དགེ་རྩ་གང་བྱས་པ་རྣམས་དོ་ནུབ་ཉལ་ཁར་བྱང་ཆུབ་ཀྱི་སེམས་གཉིས་འཕེལ་ཆེད་དུ་བསྔོ་བའོ། །དེ་ནི་ཚེ་འདིའི་སྟོབས་ལྔ་ཡིན་ལ།

No comments:

Post a Comment