Wednesday, 5 November 2014

ཐེག་ཆེན་གྱི་གདམས་ངག རང་ལུགས་དང་། རྩོད་པ་སྤོང་བ།

________________________________________________

ཁ་ཅིག མཆོག་གི་སྤྲུལ་སྐུ་ལ་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པ་ལ་ཚོགས་ལམ་ཆེན་པོ་ཐོབ་དགོས་ཟེར་ན། མི་འཐད་པར་ཐལ། དེ་ལ་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པའི་ལམ་མ་ཞུགས་པའི་གང་ཟག་ཡོད་པའི་ཕྱིར། གཞན་ཡང་། དེ་འདྲའི་ཐེག་ཆེན་ཚོགས་ལམ་ཆུང་ངུ་ལ་གནས་པའི་སེམས་དཔའ་ཡོད་པའི་ཕྱིར།
ཁ་ཅིག སྲིད་པ་ཐ་མ་པའི་བྱང་སེམས་ཡིན་ན། ཐེག་ཆེན་གྱི་གདམས་ངག་མི་ཉན་པས་ཁྱབ་སྟེ། མདོ་ལས། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་ཅི་ཡང་མེད། །ཅེས་གསུངས་པའི་ཕྱིར་ཟེར་ན་མི་འཐད་པར་ཐལ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ལ་ཐེག་ཆེན་གྱི་མདོ་ཉན་པའི་སྲིད་པ་ཐ་མ་པའི་བྱང་སེམས་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་ཐོབ་པའི་སྲིད་པ་ཐ་མ་པའི་བྱང་སེམས་ཡོད་པའི་ཕྱིར།
ཁ་ཅིག ཐེག་ཆེན་གྱི་གདམས་ངག་ཉན་པའི་ས་མཚམས་ཀྱི་ཡ་མཐའ་རྒྱུན་མཐའི་བར་དུ་འཇོག་ཟེར་ན། མི་འཐད་པར་ཐལ། སངས་རྒྱས་ཀྱི་ས་ན་ཐེག་ཆེན་གྱི་གདམས་ངག་ཉན་པ་ཡོད་པའི་ཕྱིར་ཏེ། དེ་ན་དེ་ཉན་པའི་ཉན་ཤེས་ཡོད་པའི་ཕྱིར།

རང་ལུགས་ནི། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་སྟོན་པའི་ཐེག་ཆེན་གྱི་ངག་དེ། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད།
དེ་ལ་དབྱེ་ན།
  • ཐེག་ཆེན་གྱི་འདོམས་པའི་གདམས་ངག ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་པའི་ཕྱིར་དུ་འདོམས་པའི་ཐེག་ཆེན་ངག་དེ། དང་པོའི་མཚན་ཉིད།
  • རྗེས་བསྟན་གྱི་གདམས་ངག སྔར་མ་ཐོབ་པའི་ཡོན་ཏན་ཐོབ་ཕྱིར་དུ་འདོམས་པའི་ཐེག་ཆེན་ངག་དེ། གཉིས་པའི་མཚན་ཉིད།
རྩོད་པ་སྤོང་བ་ལ། ཤཱ་རི་བུས་དྲི་ལན་གྱི་ཚུལ་གྱིས་ཞུས་པའི་ཡུམ་གྱི་མདོ་ཚིག་ཆོས་ཅན། ཐེག་ཆེན་གྱི་ངག་ཡིན་པར་ཐལ། ཐེག་ཆེན་གྱི་གདམས་ངག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཐེག་དམན་གྱི་ངག་ཡིན་པའི་ཕྱིར། འོ་ན། སྟོན་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའི་ཐེག་དམན་གྱི་མདོ་ཆོས་ཅན། ཐེག་ཆེན་གྱི་བཀས་ཡིན་པའི་ཕྱིར། ཁྱབ་པ་ངས། འདོད་ན། མ་ཡིན་པར་ཐལ། ཐེག་དམན་གྱི་མདོ་ཡིན་པའི་ཕྱིར།
ཁོ་ན་རེ། སྒྲ་མེད་དུ་གདམས་ངག་སྟོན་པ་མེད་པར་ཐལ། གདམས་ངག་ཡིན་ན་ངག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྒྲ་མེད་དུ་ཆོས་སྟོན་པ་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ།
ཡང་ཁོ་ན་རེ། སངས་རྒྱས་ཀྱི་ཐུགས་རྗེའི་དབང་གིས་ལྗོན་ཤིང་རླུང་གིས་བསྐུལ་བ་ལ་བརྟེན་ནས་བྱུང་བའི་འདུས་བྱས་མི་རྟག་ཅེས་པའི་སྒྲ་ཆོས་ཅན། ངག་ཡིན་པར་ཐལ། གདམས་ངག་ཡིན་པའི་ཕྱིར། འདོད་ན། རང་རྒྱུ་སྐྱེས་བུའི་བརྗོད་པ་ལྕེ་རྐན་ལས་བྱུང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ།

རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༩༦

No comments:

Post a Comment