Tuesday, 25 November 2014

ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ་ཕན་ཡོན་དང་བཅས་པ།

________________________________________________

སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།

  1. ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
  2. རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
  3. ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
  4. མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
  5. ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
  6. སྡིག་སྒྲིབ་མྱུར་དུ་་སྦྱང་བ།
  7. ཅི་བསམ་པ་འགྲུབ་པ།
  8. གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
  9. ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
  10. འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
________________________________________________
སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་གྱིས་མཛད་པའི་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས།
༧༣
དེ་བས་ཆོས་མིན་སྤང་བྱ་སྟེ། ། 
གཡེལ་བ་མེད་པར་ཆོས་ལ་བརྟེན། ། 
བདག་ཉིད་དང་ནི་འཇིག་རྟེན་འདིས། ། 
བླ་མེད་བྱང་ཆུབ་ཐོབ་འདོད་ན།
 ༧༤
དེ་ཡི་རྩ་བ་བྱང་ཆུབ་སེམས། ། 
རི་དབང་རྒྱལ་པོ་ལྟར་བརྟན་དང་། ། 
ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། ། 
གཉིས་ལ་མི་བརྟེན་ཡེ་ཤེས་ལགས།

དང་པོ་ནི། དེ་ལ་ཐེག་ཆེན་གྱི་གྲལ་དུ་ཆུད་མི་ཆུད་ཀྱང་། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་སྐྱེས་མ་སྐྱེས་ཀྱིས་བྱེད་པ་ཡིན། རྗེ་བླ་མས་ཀྱང་། ཆོས་ཐེག་ཆེན་ཡིན་པས་མི་ཆོག་གི །གང་ཟག་ཐེག་ཆེན་པར་ཚུད་པ་ཞིག་དགོས། ཐེག་ཆེན་པར་བྱེད་པ་ཡང་བྱང་ཆུབ་ཀྱི་སེམས་ཉིད་ལ་རག་ལས་པས་སེམས་དེ་གོ་བ་ཙམ་ལས་མེད་ན་ཐེག་ཆེན་པ་ཡང་དེ་དང་འདྲ་ལ། ཞེས་སོགས་གསུངས་པ་བཞིན། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་མེད་ན་རྒྱུད་རྒྱལ་མཐར་ཐུག་དཔལ་གསང་བ་འདུས་པ་ལྟ་བུའི་བསྐྱེད་རྫོགས་ཉམས་སུ་བླངས་ཀྱང་འཚང་རྒྱ་རྒྱུ་ལྟ་ཞོག །ཐེག་ཆེན་ཚོགས་ལམ་ཙམ་དུའང་ཞུགས་མི་ཐུབ། དེ་ཕར་ཞོག །ཐེག་པ་ཆེན་པོའ་ི ཆོས་སུའང་མི་འགྲོ་ལ། སེམས་འདི་ཡོད་ན་མ་ཎི་ཚར་གཅིག་བཏོན་པའང་ཐེག་ཆེན་གྱི་ཆོས་སུ་འགྲོ། འཚང་རྒྱ་བའི་རྒྱུར་འགྲོ་སྟེ། རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཞེས་གསུངས། སེམས་འདི་མེད་ན་ནི༑ གསང་སྔགས་ཀྱི་བསྐྱེད་རིམ་བསྒོམ་པ་ལྷ་ཁང་ལ་ལྟད་མོ་བལྟ་བ་ལྟ་བུ་དང་། རྫོགས་རིམ་བསྒོམ་སྟེ། རྔུབ་དང་དགང་དང་གཞིལ་བ་དང་། །ཞེས་པ་ལྟར་རླུང་སྦྱོར་སོགས་བྱེད་པའང་སྦུད་པ་བུས་པ་ལྟ་བུ་ལས་མི་འོང་། གསང་སྔགས་ཀྱི་མྱུར་ཁྱད་ཀྱང་སེམས་འདི་ལྷག་ཏུ་བཏང་བ་ལས་འབྱུང་བ་ཡིན། ལྕང་སྐྱ་རོལ་རྡོར་གྱིས། ཕུར་ལྕོག་ངག་དབང་བྱམས་པ་ལ་ཆོས་གསན་ཏེ། བླ་མ་བྱམས་པས་དབང་ཆེན་གནང་བ་ནའང་། དབང་བཤད་དུ་ལམ་རིམ་ཤ་སྟག་གནང་བ་ལ། གཞན་གྱིས་བལྟས་ན་གསང་སྔགས་ཀྱི་གསུང་བཤད་བྱེད་རྒྱུ་མེད་པ་ལྟར་སྣང་མོད། ཁོང་གི་དེ་ལམ་གྱི་གནད་མཁྱེན་པའི་གསུང་ཡིན་ཞེས་བསྔགས་པ་མཛད། བྱང་ཆུབ་ཀྱི་སེམས་མེད་པའི་ཀྱཻ་རྡོ་རྗེའི་རྣལ་འབྱོར་པ་ཞིག་རྒྱུན་ཞུགས་ཐོབ་པའི་གཏམ་ཇོ་བོ་ཆེན་པོས་གསན་པས། ཡ་མཚན་དུ་མཛད་ནས། ངའི་བྱང་ཆུབ་ཀྱི་སེམས་མེད་པས་ལན། ཧེ་བཛྲ་བསྒོམ་པ་དམྱལ་བར་འགྲོ་བ་ཡང་ཡོད་གསུངས་པ་རེད། ད་དུང་དེ་ཡང་དྲག་ཤོས་ཡིན་གྱི། བྱང་ཆུབ་ཀྱི་སེམས་འདི་མེད་ན། ཡི་དམ་ཁྲོ་བོ་མང་པོའ་ིསྔགས་འདོན་འདོན་སྒྲུབ་སྒྲུབ་མང་ན། གདུག་འདྲེ་དང་དམྱལ་བ་སོགས་སུ་སྐྱེ་བའང་མང་ཞིང་། ཆུ་ཤུར་གྱི་གཞི་བདག་ཀྱང་སྔར་བསྙེན་ཆེན་བཏང་བ་ཞིག་གཞི་བདག་ཏུ་སྐྱེས་ཚུལ། གོང་གི་རྒྱུན་ཞུགས་ཐོབ་པའི་ཀྱཻ་རྡོར་གྱི་རྣལ་འབྱོར་པ་དེ་ལ་བྱང་ཆུབ་ཀྱི་སེམས་ཡོད་ན་ཚེ་དེར་འཚང་རྒྱ་རྒྱུ་ཡིན་ཡང་ཁོ་ལ་འཚང་རྒྱ་རྒྱུའི་ཚོད་དུ་ཐེག་དམན་གྱི་འབྲས་བུ་ཐོབ་པ་སེམས་དེ་མེད་པས་ལན། ཆོས་ཟབ་ཅེས་པ་དེ་འདྲ་ལ་ཟེར། གཞན་ཡང་སྔར་བཤད་པའི་བྲམ་ཟེའི་ཁྱེའུ་ཙ་ན་ཀྱའི་བྱུང་བ་དང་། རྒྱ་གར་ན་གཤིན་རྗེ་གཤེད་སྒྲུབ་པའི་རྣལ་འབྱོར་པ་ཞིག་གདུག་འདྲེར་སྐྱེས་ཏེ་བོད་དུ་འོངས་པར་ཇོ་བོས་གཏོར་མ་བྱིན་ནས་ཕར་བསྐྲད་པ་དང་། འཕན་པོའ་ིའཇིགས་བྱེད་ཀྱི་རྣལ་འབྱོར་པ་ཞིག་ཡི་དྭགས་ཡི་དམ་གྱི་གཟུགས་ཅན་ཞིག་ཏུ་སྐྱེས་ཏེ་སྔར་གྱི་ཉེ་གནས་ལ་གསུར་བསྒུགས་པའི་ལོ་རྒྱུས་ལྟར་ཡིན། ད་ལྟའང་ཕལ་ཆེར་གྱིས་ཡི་དམ་གྱི་ཞལ་གཟིགས་དང་མངོན་ཤེས་རྫུ་འཕྲུལ་སོགས་ལ་རྩིགས་ཆེ་བར་བྱེད་ཀྱང་། བྱང་ཆུབ་ཀྱི་སེམས་མེད་ན་ངན་སོང་དུ་འགྲོ་བའང་ཡོད། དེས་ན་མངོན་ཤེས་རྫུ་འཕྲུལ་གང་དང་ལྡན་ཡང་ཕན་མི་ཐོགས། སེམས་འདི་ཡོད་ན་ནི་གཞན་ཅི་ལའང་མ་བརྩོན་ཀྱང་ཐེག་པ་ཆེན་པོའ་ིཆོས་ཀྱི་རྩ་བ་བྱུང་བ་ཡིན་ཏེ། མདོ་སྔགས་གང་གི་སྐབས་ཀྱང་ཐེག་ཆེན་དུ་འགྱུར་མི་འགྱུར་སེམས་འདི་ཡོད་མེད་ཀྱི་རྗེས་སུ་འགྲོ། འདིས་ཟིན་ན། དུད་འགྲོ་ལ་ཟན་ཆངས་གཅིག་བྱིན་པ་ཚུན་དང་། ཀུན་སྤྱོད་ལུང་མ་བསྟན་རྣམས་ཀྱང་རྫོགས་བྱང་ཐོབ་པའི་རྒྱུར་འགྱུར་ལ། བྱང་སེམས་བདག་ཉིད་ཆེན་པོས་ནི། མི་དགེ་བའང་འདིས་ཟིན་ནས་དགེ་བར་བསྒྱུར་ནུས་པ་ཡིན། འདི་མེད་ན་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་རྐྱེན་དང་ཕྲད་ན། ཐེག་པ་གསུམ་གའི་བྱང་ཆུབ་ཀྱི་རྒྱུར་འགྲོ་བས་མ་ལྟ་བུ་ཡིན་ལ། བྱང་སེམས་ནི་བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་འགྱུར་བས་ཕ་དང་འདྲ་བ་ཡིན་ནོ། །དེས་ན་སྔ་མ་ལ་ཡུམ་ཡང་ཟེར། མདོར་ན་སངས་རྒྱས་ཀྱི་གོ་འཕང་ཞིག་དོན་དུ་མི་གཉེར་ན་མ་གཏོགས། ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དུ་བྱ་དགོས་ཏེ། ཐེག་གསུམ་གྱི་ཡོན་ཏན་སོགས་ལེགས་པ་ཅི་ཡོད་ཐམས་ཅད་ཕར་དེད་ན་བྱང་ཆུབ་ཀྱི་སེམས་ལས་བྱུང་། རང་རེ་ལ་ཐུགས་དམ་གྱི་མཐིལ་གང་ཡིན་དྲིས་ན་རྟ་མགྲིན་ཡིན། ཕྱག་རྡོར་ཡིན། འཇིགས་བྱེད་འདྲ་འདོན་གྱིན་ཡོད་ཟེར་མོད། ཕལ་ཆེ་བ་ནི་ཉོན་མོངས་དུག་གསུམ་ཐུགས་དམ་གྱི་མཐིལ་དུ་བྱེད་པ་མང་ངོ་། །ཇོ་བོ་ཆེན་པོས་ཀྱང་སྔར་ཆོས་ཐམས་ཅད་ལ་མཁས་པར་གྱུར་ཀྱང་དེས་ཐུགས་མ་ཚིམ་པར་སེམས་རིན་པོ་ཆེ་འདིའི་ཕྱིར་རྒྱ་མཚོར་གྲུ་གཟིངས་བཅས་ཏེ་ཟླ་བ་བཅུ་གསུམ་གྱི་རིང་དཀའ་བ་སྤྱད་དེ་བྱོན། བླ་མ་གསེར་གླིང་པ་ལ་འདིའི་གདམས་ངག་ཡོངས་རྫོགས་གསན་ཏེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དང་། དེ་སྟོན་པའི་བླ་མ་ལ་བླ་མ་གཞན་ལས་གུས་ཞབས་ཆེ་བར་མཛད། གཞན་ལྟ་བ་ནི་གསེར་གླིང་པ་སེམས་ཙམ་ཡིན་པས་དམའ་བ་ཡིན་ནོ། །དེའི་ཕྱིར་རང་རེས་བྱང་ཆུབ་ཀྱི་སེམས་འདི་ཉིད་རྒྱུད་ལ་བསྐྱེད་ཨེ་ཐུབ་བལྟ་དགོས་ཏེ། སེམས་སྐྱེ་བའི་ལུས་རྟེན་ད་རེས་ལས་ལྷག་པ་འབྱུང་དུ་མེད་ཅིང་། ཆོས་ཀྱང་བྱང་ཆུབ་སེམས་སྦྱོང་གི་གདམས་པ་གཅིག་ལ། ཆོས་བྱང་ཆུབ་ལམ་གྱི་རིམ་པ་འདི་ལས་མཆོག་ཏུ་གྱུར་པ་མེད་པས། དེ་ལྟ་བུ་དང་མཇལ་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ཞིག་བྱ་རྒྱུ་མ་བྱུང་ན་ཤིན་ཏུ་ཕངས་པ་ཡིན། ཕྱོགས་ཕན་ཚུན་དུ་མི་ཚེ་གཅིག་ལ་འཚོ་བ་རྡེའུའི་བཅུད་ལེན་གྱི་དཀའ་ཐུབ་ཙམ་ལ་བརྟེན་ནས། ཆོས་པའི་ཡང་རྩེར་རློམས་ཀྱང་བྱང་ཆུབ་ཀྱི་སེམས་འདི་ལ་གལ་ཆུང་དུ་སོང་སྟེ་རྫོགས་བྱང་དུ་བགྲོད་པའི་ལམ་ལས་གོལ་བ་མང་པོ་མཐོང་ཆོས་སུ་ཡོད། རང་རེའང་རབ་ན་སེམས་འདི་རྒྱུད་ལ་བཅོས་མིན་ཞིག་བསྐྱེད་ཐུབ་པ། དེ་མ་བྱུང་ན་རྩོལ་བཅས་ཀྱི་མྱོང་བ་ཐོན་པ། དེའང་མ་བྱུང་ན་ཉམས་འོག་ཏུ་ཚུད་པ་ཙམ་ཨེ་འབྱུང་བལྟ་དགོས་ཀྱི། འདི་ལ་ཐུན་གཅིག་གི་རིང་དམིགས་སྐོར་མི་སྐྱོང་བར། ལྷ་བསྒོམ་སྔགས་བཟླས་ཁོ་ན་ལ་བརྩོན་པ་ནི་ངལ་བ་དོན་མེད་དེ་ཧ་ཅང་ཕངས་པ་ཡིན་གསུངས། 

No comments:

Post a Comment