Thursday, 27 November 2014

ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་ཕན་ཡོན། རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ་དང་། ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།

________________________________________________

སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།
  1. ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
  2. རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
  3. ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
  4. མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
  5. ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
  6. སྡིག་སྒྲིབ་མྱུར་དུ་་སྦྱང་བ།
  7. ཅི་བསམ་པ་འགྲུབ་པ།
  8. གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
  9. ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
  10. འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
________________________________________________
དེ་རིང་གི་སློབ་ཚན་གྱི་སྙིང་དོན།

གཉིས་པ་ནི། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །ཞེས་དང་། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་པ་ལྟར། རྒྱལ་བའི་སྲས་སུ་འགྲོ་མི་འགྲོ་འདི་ལ་རག་ལས་ཏེ། དེ་མ་སྐྱེས་ན་མངོན་ཤེས་རྫུ་འཕྲུལ་ལྡན་པའམ། རིག་གནས་ལྔ་ལ་མཁས་པ། སྟོང་ཉིད་མངོན་སུམ་དུ་རྟོགས་པ། ཉོན་མོངས་ཟད་པར་སྤངས་པ་སོགས་ཡིན་ཀྱང་བྱང་ཆུབ་སེམས་དཔའ་དང་། རྒྱལ་བའི་སྲས་མིན་ཞིང་། ཐེག་ཆེན་པའི་གྲས་སུའང་མི་ཚུད་ལ། སེམས་འདི་རྒྱུད་ལ་སྐྱེས་པ་ན། དེ་ཁྱི་ཕག་སོགས་དུད་འགྲོ་དང་། ཡོན་ཏན་གཞན་མེད་པའི་གླེན་པ་བོང་བུ་དང་འདྲ་བ་ཞིག་ཡིན་ཡང་ཐེག་ཆེན་པའི་གྲས་སུ་ཚུད། བྱང་ཆུབ་ཀྱི་སེམས་སྐྱེས་སྐབས་ས་གཡོ་ཞིང་སངས་རྒྱས་ཐམས་ཅད་ཀྱི་བཞུགས་ཁྲི་གཡོ་བ་སོགས་འབྱུང་སྟེ། དེ་ནི་ས་ཆེན་པོ་འདི་སེམས་ཅན་སྤྱི་མཐུན་གྱི་ལས་དབང་ལས་གྲུབ་ཅིང་། བྱང་སེམས་སྐྱེས་པ་དེས་སེམས་ཅན་མང་པོ་འདྲེན་ཅིང་འཁོར་བ་ལ་བསྒུལ་བསྐྱོད་ཐོངས་པས་ས་འདིས་མ་བཟོད་པར་གཡོས་པ་ཡིན། སེམས་དེ་སྐྱེས་པའི་གང་ཟག་རེ་བྱུང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤུན་ལྟར་དགོངས་ཤིང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། འཁོར་བསྒྱུར་ལ་སྲས་གསར་པ་རེ་འཁྲུངས་པ་ལྟ་བུའི་ཐུགས་དགྱེས་པ་འབྱུང་བས་རྒྱལ་བའི་སྲས་སུ་འགྲོ། སེམས་དེ་དང་ནམ་བྲལ་བ་ན་ཐེག་ཆེན་གྱི་གྲལ་ནས་བུད་པ་ཡིན། རང་རེས་སྔོན་ཆད་མངོན་ཤེས་རྫུ་འཕྲུལ་མང་པོ་ཐོབ་ཀྱང་ཕུགས་སུ་ཕན་པ་གང་ཡང་མ་བྱུང་བས་དེ་ལས་བྱང་ཆུབ་ལམ་རིམ་ལ་གོ་བ་ཆགས་པ་དགའ་བ་ཡིན། མངོན་ཤེས་རྫུ་འཕྲུལ་ནི་དཀོན་ལ་དོན་ཆེ་བ་ཞིག་མ་ཡིན་པར། སྐྱེ་བ་རེ་འཕོས་ཏེ་བར་དོར་སླེབས་རེས་བཞིན་འཐོབ་འོང་གསུངས།
གསུམ་པ་ནི། སྡོང་པོ་བཀོད་པའི་མདོ་ལས། རྒྱ་མཚོའི་ནོར་བུས་འཛམ་བུ་གླིང་འདིའི་མཆིང་བུ་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་དེས་ཉན་རང་གི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པར་གསུངས། བྱམས་པའི་རྣམ་པར་ཐར་པའི་མདོ་ལས། རྒྱལ་པོའ་ིསྲས་ཆུང་ངུས་བློན་པོའ་ིཚོགས་རྒན་པོ་རྣམས་ཀྱང་ཟིལ་གྱིས་གནོན་པ་བཞིན་དང་། མཁའ་ལྡིང་གི་ཕྲུ་གུས་ཀྱང་བྱའི་ཚོགས་གཞན་ཟིལ་གྱིས་གནོན་པ་བཞིན། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་བྱང་སེམས་ལས་དང་པོ་པས་ཀྱང་ཉན་རང་གི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པར་གསུངས་ལ། དེའང་ལྷག་པའི་བསམ་པའི་སྟོབས་ཀྱིས་ཡིན། དེ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། གསེར་གྱི་རྒྱན་ཟིལ་གྱིས་གནོན་ཅིང་། དབུལ་བ་སེལ་བ་བཞིན་དུ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་མི་ནུས་པས་ཀྱང་། དེའི་རྒྱུད་ཀྱི་སེམས་དེའི་མཐུས་རྒྱལ་བའི་སྲས་ཞེས་པའི་མིང་མི་འདོར་ཞིང་། དགེ་བའི་ཚོགས་ཀྱི་རིན་པོ་ཆེ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་དང་། ཉན་རང་གི་ཚོགས་ཀྱི་གསེར་གྱི་རྒྱན་ཡང་ཟིལ་གྱིས་གནོན་ལ། འཁོར་བའི་དབུལ་བ་སེལ་བར་གསུངས་སོ། །དེས་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་ངོས་འཛིན་ན་འདི་ཉིད་ལས་མེད། ཇོ་བོ་རྗེ་ལྷ་ཅིག་གིས་ཀྱང་། ཚེ་འདི་བློས་ཐོངས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམས་བྱ་བ་ཁོ་ན་གསུང་བ་ཡིན།

Wednesday, 26 November 2014

ཐེག་ཆེན་གྱི་གདམས་ངག བདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ། གཞན་ལུགས་འགག་པ།

________________________________________________
༡ མཚམ་སྦྱར་བ་དང་
   ༡ ཚིག་དོན།
   ༢ མཚའ་དཔྱད་པ།
༢ དོན་བཤད་པ།
   ༡ སྤྱིའི་དབྱེ་བ།
  1. རྩ་བ།
  2. འགྲེལ་པ།
    1. བརྟེན་པ་སྒྲུབ་པ་ལ་གདམས་པ།
    • སྒྲུབ་པ་རང་གི་ངོ་བོ་ལ་གདམས་པ།
    • དེའི་དམིགས་པ་ལ་གདམས་པ།
    1. སྒྲུབ་པའི་རྟེན་ལ་གདམས་པ།
    2. སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པ།
  3. དོན་བསྡུ་བ།
   ༢ དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ།
________________________________________________

    བདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ།

    ཚིག་དོན་ནི། འགྲེལ་པ་དོན་གསལ་ལས། །བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་བསྒྲུབ་པ་ལ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ།
    བསམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་དང་། དེས་འཕངས་པའི་སྦྱོར་བ་སྤྱིན་པ་ལ་སོགས་པ་སྔར་སེམས་བསྐྱེད་ཀྱི་སྐབས་སུ་ཇི་སྐད་བཤད་པ་སྒྲུབ་པ་ལ་འདོམས་པའི་གདམས་ངག་ཆོས་ཅན། ཁྱོད་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཡིན་ཏེ། ཁྱོད་ཀྱིས་སྒྲུབ་པ་པོ་རྟེན་གྱི་གང་ཟག་དང་། ཉམས་སུ་བླང་བྱ་དང་། དེའི་འབྲས་བུ་སོགས་གང་བཤད་པ་ལྟར་ཚད་མས་གྲུབ་ནས་ཉམས་སུ་ལེན་པ་ཀུན་རྫོབ་བདེན་པ་ལ་རྟེན་པའི་ལམ་རིམ་དང་། དེ་ཀུན་བདེན་སྟོང་དུ་རྟོགས་ནས་ཉམས་སུ་ལེན་པ་དོན་དམ་པའི་བདེན་པ་ལ་བརྟེན་པའི་ལམ་རིམ་ལས་མི་འདའ་བ་དང་། ཉན་ཐོས་དང་ལ་སོགས་པ་རང་རྒྱལ་དང་ཐུན་མོང་མ་ཡིན་པ་འགྲོ་ཀུན་མྱང་འདས་དང་ཆོས་སྐུ་འགྲུབ་བྱེད་དུ་ཡུམ་ལ་སྤྱོད་པའི་ཆོས་བཞི་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ། ཞེས་སློབ་པའི་ཚུལ་གྱིས་འདོམས་པ་ཡིན་པའི་ཕྱིར།
    གཉིས་པ་མཐའ་དཔྱད་པ་ལ།
    ཁ་ཅིག མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། བུམ་བ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར།
    ཁ་ཅིག ཐ་སྙད་དཔྱོད་་བྱེད་ཀྱི་རྙེད་དོན། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། བདེན་མེད་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། ཐ་སྙད་དཔྱོད་་བྱེད་ཀྱི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། ཇི་སྙེད་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར།
    བྱས་པ་ལ་ཁོ་ན་རེ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་ཡིན་མི་དགོས་པར་ཐལ། སངས་འཕགས་ཀྱི་མིག་ཤེས་ཀྱི་གསུང་བྱ་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་མི་དགོས་པའི་ཕྱིར་ན་མ་ཁྱབ། འོ་ན། མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཉིན་ན་སློབ་པའི་མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་དགོས་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་ན་སློབ་པའི་མིག་ཤེས་ཀྱི་གཟུང་བྱ་ཡི་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཆོས་ཅན། སློབ་པའི་མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་པར་ཐལ། མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་པའི་ཕྱིར། འདོད་མི་ནུས་སོ།
    ཡང་ཁ་ཅིག ༼རྒྱལ་བ་སྐུ་འཕྲེང་གཉིས་པ།༽ རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པ་དེ་རང་ཉིས་དོན་དམ་བདེན་པའི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། མཚན་ཉིད་དེ་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པ་གང་ཞིག བུམ་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མངུན་སུམ་ཚད་མ་དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པ་དེ་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། དེས་མངོན་སུམ་དུ་རྟོགས་པ་སྒྲུབ་པ་ཡིན་པའི་ཕྱིར།
    བྱས་པ་ལ་ཁོ་ན་རེད། མཚན་ཉིད་དེ་འཐད་པར་ཐལ། དེ་ཡིན་ན་དོན་དམ་བདེན་པ་ཡིན་པའས་ཁྱབ་པའི་ཕྱིར་ན་མ་ཁྱབ།
    དེ་ལ་ཁ་ཅིག མ་གྲུབ་སྟེ། སྔོར་སྣང་གི་དབང་ཤེས་དེ་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་དུ་ཚད་མས་དེ་ལྟར་རྟོགས་པའི་ཕྱིར་ཏེ། རང་མངོན་སུམ་དུ་རྟོགས་པའི་རང་རིག་མངོན་སུམ་གྱིས་དེ་ལྟར་རྟོགས་པའི་ཕྱིར་ན་མ་ཁྱབ།
    དེ་ལ་ཁ་ཅིག སྔོར་སྣང་དབང་ཤེས་དོན་དམ་བདེན་པ་ཡིན་པ་བཅད་པའི་ཆེད་དུ། རང་མངོན་སུམ་སུ་རྟོགས་པའི་མངོས་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། སྔོན་སྣང་གི་དབང་ཤེས་དེ་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཀྱི་ཟུར་དུ་རྣམ་པར་རྟོགས་བྱ་མ་ཡིན་ཤེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། འདོད་ན། སྔོར་སྣང་དབང་ཤེས་མ་ཡིན་པ་ལས་ལོག་པ་དེ། རང་མངོན་སུམ་དུ་རྟོགས་པའི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། སྔོར་སྣང་དབང་ཤེས་དེ་དེ་ཡིན་པའི་པྱིར། འདོས་ན། དེ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་དངོས། ཕྱི་མ་དེར་ཐལ། དགག་པ་ཡིན་པའི་ཕྱིར།
    གཞན་ཡང་། རྣམ་བཤེད་ལས། འདི་ལྟ་གསུངས་པའི་ཟུར་གཉིས་པ་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པར། ཞེས་པའི་སྒྲུབ་པ་དེ་དགག་སྒྲུབ་གཉིས་སུ་ཕྱེ་བའི་སྒྲུབ་པ་ལ་བྱེད་རིགས་པར་ཐལ། ཁྱོད་ཀྱི་ཞེ་འདོད་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཀུན་རྫོབ་པའི་རྣམ་པར་རྟོགས་བྱ་ལ་བྱེད་རིགས་པའི་ཕྱིར། དེར་ཐལ། དེ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ལ་བྱེད་རིགས་པའི་ཕྱིར།
    སྤྱོད་འཇུག་རྣམ་བཤད་ལས། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར།
    ཁ་ཅིག མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་དངོས་ཀྱི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་རྗེས་དཔག་གི་གཞལ་བྱ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་རྗེས་དཔག་དེས། ཁྱོད་དངོས་སུ་རྟོགས་པའི་ཕྱིར། མ་གྲུབ་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་རང་གི་གཞལ་བྱ་དངོས་སུ་རྟོགས་པས་ཐལ། ཁྱོད་རྟོག་པ་ཚད་མ་ཡིན་པའི་ཕྱིར། རྩ་བ་འདོད་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་གཞལ་བྱ་དོན་དམ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེ་དེའི་གཞལ་བྱ་ཡིན་པའི་ཕྱིར།
    གཞན་ཡང་། བདག་མེད་ཀྱི་དོན་སྤྱི་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བདག་མེད་རྟོགས་པའི་རིགས་ཤེས་རྗེས་དཔག་གི་དངོས་ཀྱི་རྣེད་དོན་ཡིན་པའི་ཕྱིར། དེའི་དངོས་ཀྱི་ཡུལ་ཡིན་པའི་ཕྱིར། དེའི་གཞལ་བྱ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེའི་སྣང་ཚུལ་གྱི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར།

    ________________________________________________
    རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༩༨ ནས་

    Tuesday, 25 November 2014

    ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ་ཕན་ཡོན་དང་བཅས་པ།

    ________________________________________________

    སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།

    1. ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
    2. རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
    3. ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
    4. མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
    5. ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
    6. སྡིག་སྒྲིབ་མྱུར་དུ་་སྦྱང་བ།
    7. ཅི་བསམ་པ་འགྲུབ་པ།
    8. གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
    9. ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
    10. འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
    ________________________________________________
    སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་གྱིས་མཛད་པའི་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས།
    ༧༣
    དེ་བས་ཆོས་མིན་སྤང་བྱ་སྟེ། ། 
    གཡེལ་བ་མེད་པར་ཆོས་ལ་བརྟེན། ། 
    བདག་ཉིད་དང་ནི་འཇིག་རྟེན་འདིས། ། 
    བླ་མེད་བྱང་ཆུབ་ཐོབ་འདོད་ན།
     ༧༤
    དེ་ཡི་རྩ་བ་བྱང་ཆུབ་སེམས། ། 
    རི་དབང་རྒྱལ་པོ་ལྟར་བརྟན་དང་། ། 
    ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། ། 
    གཉིས་ལ་མི་བརྟེན་ཡེ་ཤེས་ལགས།

    དང་པོ་ནི། དེ་ལ་ཐེག་ཆེན་གྱི་གྲལ་དུ་ཆུད་མི་ཆུད་ཀྱང་། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་སྐྱེས་མ་སྐྱེས་ཀྱིས་བྱེད་པ་ཡིན། རྗེ་བླ་མས་ཀྱང་། ཆོས་ཐེག་ཆེན་ཡིན་པས་མི་ཆོག་གི །གང་ཟག་ཐེག་ཆེན་པར་ཚུད་པ་ཞིག་དགོས། ཐེག་ཆེན་པར་བྱེད་པ་ཡང་བྱང་ཆུབ་ཀྱི་སེམས་ཉིད་ལ་རག་ལས་པས་སེམས་དེ་གོ་བ་ཙམ་ལས་མེད་ན་ཐེག་ཆེན་པ་ཡང་དེ་དང་འདྲ་ལ། ཞེས་སོགས་གསུངས་པ་བཞིན། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་མེད་ན་རྒྱུད་རྒྱལ་མཐར་ཐུག་དཔལ་གསང་བ་འདུས་པ་ལྟ་བུའི་བསྐྱེད་རྫོགས་ཉམས་སུ་བླངས་ཀྱང་འཚང་རྒྱ་རྒྱུ་ལྟ་ཞོག །ཐེག་ཆེན་ཚོགས་ལམ་ཙམ་དུའང་ཞུགས་མི་ཐུབ། དེ་ཕར་ཞོག །ཐེག་པ་ཆེན་པོའ་ི ཆོས་སུའང་མི་འགྲོ་ལ། སེམས་འདི་ཡོད་ན་མ་ཎི་ཚར་གཅིག་བཏོན་པའང་ཐེག་ཆེན་གྱི་ཆོས་སུ་འགྲོ། འཚང་རྒྱ་བའི་རྒྱུར་འགྲོ་སྟེ། རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཞེས་གསུངས། སེམས་འདི་མེད་ན་ནི༑ གསང་སྔགས་ཀྱི་བསྐྱེད་རིམ་བསྒོམ་པ་ལྷ་ཁང་ལ་ལྟད་མོ་བལྟ་བ་ལྟ་བུ་དང་། རྫོགས་རིམ་བསྒོམ་སྟེ། རྔུབ་དང་དགང་དང་གཞིལ་བ་དང་། །ཞེས་པ་ལྟར་རླུང་སྦྱོར་སོགས་བྱེད་པའང་སྦུད་པ་བུས་པ་ལྟ་བུ་ལས་མི་འོང་། གསང་སྔགས་ཀྱི་མྱུར་ཁྱད་ཀྱང་སེམས་འདི་ལྷག་ཏུ་བཏང་བ་ལས་འབྱུང་བ་ཡིན། ལྕང་སྐྱ་རོལ་རྡོར་གྱིས། ཕུར་ལྕོག་ངག་དབང་བྱམས་པ་ལ་ཆོས་གསན་ཏེ། བླ་མ་བྱམས་པས་དབང་ཆེན་གནང་བ་ནའང་། དབང་བཤད་དུ་ལམ་རིམ་ཤ་སྟག་གནང་བ་ལ། གཞན་གྱིས་བལྟས་ན་གསང་སྔགས་ཀྱི་གསུང་བཤད་བྱེད་རྒྱུ་མེད་པ་ལྟར་སྣང་མོད། ཁོང་གི་དེ་ལམ་གྱི་གནད་མཁྱེན་པའི་གསུང་ཡིན་ཞེས་བསྔགས་པ་མཛད། བྱང་ཆུབ་ཀྱི་སེམས་མེད་པའི་ཀྱཻ་རྡོ་རྗེའི་རྣལ་འབྱོར་པ་ཞིག་རྒྱུན་ཞུགས་ཐོབ་པའི་གཏམ་ཇོ་བོ་ཆེན་པོས་གསན་པས། ཡ་མཚན་དུ་མཛད་ནས། ངའི་བྱང་ཆུབ་ཀྱི་སེམས་མེད་པས་ལན། ཧེ་བཛྲ་བསྒོམ་པ་དམྱལ་བར་འགྲོ་བ་ཡང་ཡོད་གསུངས་པ་རེད། ད་དུང་དེ་ཡང་དྲག་ཤོས་ཡིན་གྱི། བྱང་ཆུབ་ཀྱི་སེམས་འདི་མེད་ན། ཡི་དམ་ཁྲོ་བོ་མང་པོའ་ིསྔགས་འདོན་འདོན་སྒྲུབ་སྒྲུབ་མང་ན། གདུག་འདྲེ་དང་དམྱལ་བ་སོགས་སུ་སྐྱེ་བའང་མང་ཞིང་། ཆུ་ཤུར་གྱི་གཞི་བདག་ཀྱང་སྔར་བསྙེན་ཆེན་བཏང་བ་ཞིག་གཞི་བདག་ཏུ་སྐྱེས་ཚུལ། གོང་གི་རྒྱུན་ཞུགས་ཐོབ་པའི་ཀྱཻ་རྡོར་གྱི་རྣལ་འབྱོར་པ་དེ་ལ་བྱང་ཆུབ་ཀྱི་སེམས་ཡོད་ན་ཚེ་དེར་འཚང་རྒྱ་རྒྱུ་ཡིན་ཡང་ཁོ་ལ་འཚང་རྒྱ་རྒྱུའི་ཚོད་དུ་ཐེག་དམན་གྱི་འབྲས་བུ་ཐོབ་པ་སེམས་དེ་མེད་པས་ལན། ཆོས་ཟབ་ཅེས་པ་དེ་འདྲ་ལ་ཟེར། གཞན་ཡང་སྔར་བཤད་པའི་བྲམ་ཟེའི་ཁྱེའུ་ཙ་ན་ཀྱའི་བྱུང་བ་དང་། རྒྱ་གར་ན་གཤིན་རྗེ་གཤེད་སྒྲུབ་པའི་རྣལ་འབྱོར་པ་ཞིག་གདུག་འདྲེར་སྐྱེས་ཏེ་བོད་དུ་འོངས་པར་ཇོ་བོས་གཏོར་མ་བྱིན་ནས་ཕར་བསྐྲད་པ་དང་། འཕན་པོའ་ིའཇིགས་བྱེད་ཀྱི་རྣལ་འབྱོར་པ་ཞིག་ཡི་དྭགས་ཡི་དམ་གྱི་གཟུགས་ཅན་ཞིག་ཏུ་སྐྱེས་ཏེ་སྔར་གྱི་ཉེ་གནས་ལ་གསུར་བསྒུགས་པའི་ལོ་རྒྱུས་ལྟར་ཡིན། ད་ལྟའང་ཕལ་ཆེར་གྱིས་ཡི་དམ་གྱི་ཞལ་གཟིགས་དང་མངོན་ཤེས་རྫུ་འཕྲུལ་སོགས་ལ་རྩིགས་ཆེ་བར་བྱེད་ཀྱང་། བྱང་ཆུབ་ཀྱི་སེམས་མེད་ན་ངན་སོང་དུ་འགྲོ་བའང་ཡོད། དེས་ན་མངོན་ཤེས་རྫུ་འཕྲུལ་གང་དང་ལྡན་ཡང་ཕན་མི་ཐོགས། སེམས་འདི་ཡོད་ན་ནི་གཞན་ཅི་ལའང་མ་བརྩོན་ཀྱང་ཐེག་པ་ཆེན་པོའ་ིཆོས་ཀྱི་རྩ་བ་བྱུང་བ་ཡིན་ཏེ། མདོ་སྔགས་གང་གི་སྐབས་ཀྱང་ཐེག་ཆེན་དུ་འགྱུར་མི་འགྱུར་སེམས་འདི་ཡོད་མེད་ཀྱི་རྗེས་སུ་འགྲོ། འདིས་ཟིན་ན། དུད་འགྲོ་ལ་ཟན་ཆངས་གཅིག་བྱིན་པ་ཚུན་དང་། ཀུན་སྤྱོད་ལུང་མ་བསྟན་རྣམས་ཀྱང་རྫོགས་བྱང་ཐོབ་པའི་རྒྱུར་འགྱུར་ལ། བྱང་སེམས་བདག་ཉིད་ཆེན་པོས་ནི། མི་དགེ་བའང་འདིས་ཟིན་ནས་དགེ་བར་བསྒྱུར་ནུས་པ་ཡིན། འདི་མེད་ན་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་རྐྱེན་དང་ཕྲད་ན། ཐེག་པ་གསུམ་གའི་བྱང་ཆུབ་ཀྱི་རྒྱུར་འགྲོ་བས་མ་ལྟ་བུ་ཡིན་ལ། བྱང་སེམས་ནི་བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་འགྱུར་བས་ཕ་དང་འདྲ་བ་ཡིན་ནོ། །དེས་ན་སྔ་མ་ལ་ཡུམ་ཡང་ཟེར། མདོར་ན་སངས་རྒྱས་ཀྱི་གོ་འཕང་ཞིག་དོན་དུ་མི་གཉེར་ན་མ་གཏོགས། ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དུ་བྱ་དགོས་ཏེ། ཐེག་གསུམ་གྱི་ཡོན་ཏན་སོགས་ལེགས་པ་ཅི་ཡོད་ཐམས་ཅད་ཕར་དེད་ན་བྱང་ཆུབ་ཀྱི་སེམས་ལས་བྱུང་། རང་རེ་ལ་ཐུགས་དམ་གྱི་མཐིལ་གང་ཡིན་དྲིས་ན་རྟ་མགྲིན་ཡིན། ཕྱག་རྡོར་ཡིན། འཇིགས་བྱེད་འདྲ་འདོན་གྱིན་ཡོད་ཟེར་མོད། ཕལ་ཆེ་བ་ནི་ཉོན་མོངས་དུག་གསུམ་ཐུགས་དམ་གྱི་མཐིལ་དུ་བྱེད་པ་མང་ངོ་། །ཇོ་བོ་ཆེན་པོས་ཀྱང་སྔར་ཆོས་ཐམས་ཅད་ལ་མཁས་པར་གྱུར་ཀྱང་དེས་ཐུགས་མ་ཚིམ་པར་སེམས་རིན་པོ་ཆེ་འདིའི་ཕྱིར་རྒྱ་མཚོར་གྲུ་གཟིངས་བཅས་ཏེ་ཟླ་བ་བཅུ་གསུམ་གྱི་རིང་དཀའ་བ་སྤྱད་དེ་བྱོན། བླ་མ་གསེར་གླིང་པ་ལ་འདིའི་གདམས་ངག་ཡོངས་རྫོགས་གསན་ཏེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དང་། དེ་སྟོན་པའི་བླ་མ་ལ་བླ་མ་གཞན་ལས་གུས་ཞབས་ཆེ་བར་མཛད། གཞན་ལྟ་བ་ནི་གསེར་གླིང་པ་སེམས་ཙམ་ཡིན་པས་དམའ་བ་ཡིན་ནོ། །དེའི་ཕྱིར་རང་རེས་བྱང་ཆུབ་ཀྱི་སེམས་འདི་ཉིད་རྒྱུད་ལ་བསྐྱེད་ཨེ་ཐུབ་བལྟ་དགོས་ཏེ། སེམས་སྐྱེ་བའི་ལུས་རྟེན་ད་རེས་ལས་ལྷག་པ་འབྱུང་དུ་མེད་ཅིང་། ཆོས་ཀྱང་བྱང་ཆུབ་སེམས་སྦྱོང་གི་གདམས་པ་གཅིག་ལ། ཆོས་བྱང་ཆུབ་ལམ་གྱི་རིམ་པ་འདི་ལས་མཆོག་ཏུ་གྱུར་པ་མེད་པས། དེ་ལྟ་བུ་དང་མཇལ་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ཞིག་བྱ་རྒྱུ་མ་བྱུང་ན་ཤིན་ཏུ་ཕངས་པ་ཡིན། ཕྱོགས་ཕན་ཚུན་དུ་མི་ཚེ་གཅིག་ལ་འཚོ་བ་རྡེའུའི་བཅུད་ལེན་གྱི་དཀའ་ཐུབ་ཙམ་ལ་བརྟེན་ནས། ཆོས་པའི་ཡང་རྩེར་རློམས་ཀྱང་བྱང་ཆུབ་ཀྱི་སེམས་འདི་ལ་གལ་ཆུང་དུ་སོང་སྟེ་རྫོགས་བྱང་དུ་བགྲོད་པའི་ལམ་ལས་གོལ་བ་མང་པོ་མཐོང་ཆོས་སུ་ཡོད། རང་རེའང་རབ་ན་སེམས་འདི་རྒྱུད་ལ་བཅོས་མིན་ཞིག་བསྐྱེད་ཐུབ་པ། དེ་མ་བྱུང་ན་རྩོལ་བཅས་ཀྱི་མྱོང་བ་ཐོན་པ། དེའང་མ་བྱུང་ན་ཉམས་འོག་ཏུ་ཚུད་པ་ཙམ་ཨེ་འབྱུང་བལྟ་དགོས་ཀྱི། འདི་ལ་ཐུན་གཅིག་གི་རིང་དམིགས་སྐོར་མི་སྐྱོང་བར། ལྷ་བསྒོམ་སྔགས་བཟླས་ཁོ་ན་ལ་བརྩོན་པ་ནི་ངལ་བ་དོན་མེད་དེ་ཧ་ཅང་ཕངས་པ་ཡིན་གསུངས། 

    Monday, 24 November 2014

    ཐེག་ཆེན་གྱི་གདམས་ངག བདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ།

    ________________________________________________
    ༡ མཚམ་སྦྱར་བ་དང་
       ༡ ཚིག་དོན།
       ༢ མཚའ་དཔྱད་པ།
    ༢ དོན་བཤད་པ།
       ༡ སྤྱིའི་དབྱེ་བ།
    1. རྩ་བ།
    2. འགྲེལ་པ།
      1. བརྟེན་པ་སྒྲུབ་པ་ལ་གདམས་པ།
      • སྒྲུབ་པ་རང་གི་ངོ་བོ་ལ་གདམས་པ།
      • དེའི་དམིགས་པ་ལ་གདམས་པ།
      1. སྒྲུབ་པའི་རྟེན་ལ་གདམས་པ།
      2. སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པ།
    3. དོན་བསྡུ་བ།
       ༢ དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ།
    ________________________________________________
    མངོན་རྟོགས་རྒྱན་ལས། །སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ།
    ཞེས་གསུངས་པ་ལྟར། ཐེག་ཆེན་གྱི་གདམས་ངག་ལ་དབྱེ་ན་བཅུའི་བདག་ཉིད་དུ་ཤེས་པར་བྱ།
    1. སྒྲུབ་པ་རང་གི་ངོ་བོ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་འདོམས་ཟིན་པའི་གདམས་ངག
    2. སྒྲུབ་པའི་དམིགས་པ་བདེན་པ་བཞི་ལ་འདོམས་པའི་གདམས་ངག་རྣམས།
    3. སྒྲུབ་པའི་རྟེན་སངས་རྒྱས་དཀོན་མཆོག་ལ་སོགས་པས་ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག
    4. སྒྲུབ་པ་བསྟན་པའི་རྒྱུ་ལ་གདམས་པ་བྱ་བ་ངན་པ་ལ་མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པ།
    5. སྒྲུབ་པ་འཕེལ་བའི་རྒྱུ་ལ་གདམས་པ་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག
    6. སྒྲུབ་པ་མི་ཉམས་པའི་རྒྱུ་ལ་གདམས་པ་ཐེག་ཆེན་གྱི་ལམ་ནི་ཡོངས་སུ་འཛིན་པ་ལ་འདོམས་པའི་གདམས་ངག
    7. སྒྲུབ་པ་ལ་རང་དབང་དུ་འཇུག་པའི་རྒྱུ་སྤྱན་ལྔ་ལ་འདོམས་པའི་གདམས་ངག
    8. སྒྲུབ་པའི་འབྲས་བུ་མྱུར་དུ་རྫོགས་པའི་རྒྱུ་མངོན་ཤེས་ཀྱི་ཡོན་ཏན་ལ་འདོམས་པའི་གདམས་ངག
    9. སྤང་བྱའི་ས་བོན་སེལ་བ་མཐོང་ལམ་དང་།
    10. སྒམོ་ལམ།
    ________________________________________________

    བདེན་པ་གཉིས་ཀྱི་རྣམ་གཞག་བཤད་པ།

    གཉིས་པ་འགྲེལ་པ་བཤད་པ་ལ།
    • བརྟེན་པ་སྒྲུབ་པ་ལ་གདམས་པ།
      • སྒྲུབ་པ་རང་གི་ངོ་བོ་ལ་གདམས་པ།
      • དེའི་དམིགས་པ་ལ་གདམས་པ།
    • སྒྲུབ་པའི་རྟེན་ལ་གདམས་པ།
    • སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པ།
    ________________________________________________
    ཚིག་དོན་ནི། འགྲེལ་པ་དོན་གསལ་ལས། །བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་བསྒྲུབ་པ་ལ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ།
    བསམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་དང་། དེས་འཕངས་པའི་སྦྱོར་བ་སྤྱིན་པ་ལ་སོགས་པ་སྔར་སེམས་བསྐྱེད་ཀྱི་སྐབས་སུ་ཇི་སྐད་བཤད་པ་སྒྲུབ་པ་ལ་འདོམས་པའི་གདམས་ངག་ཆོས་ཅན། ཁྱོད་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཡིན་ཏེ། ཁྱོད་ཀྱིས་སྒྲུབ་པ་པོ་རྟེན་གྱི་གང་ཟག་དང་། ཉམས་སུ་བླང་བྱ་དང་། དེའི་འབྲས་བུ་སོགས་གང་བཤད་པ་ལྟར་ཚད་མས་གྲུབ་ནས་ཉམས་སུ་ལེན་པ་ཀུན་རྫོབ་བདེན་པ་ལ་རྟེན་པའི་ལམ་རིམ་དང་། དེ་ཀུན་བདེན་སྟོང་དུ་རྟོགས་ནས་ཉམས་སུ་ལེན་པ་དོན་དམ་པའི་བདེན་པ་ལ་བརྟེན་པའི་ལམ་རིམ་ལས་མི་འདའ་བ་དང་། ཉན་ཐོས་དང་ལ་སོགས་པ་རང་རྒྱལ་དང་ཐུན་མོང་མ་ཡིན་པ་འགྲོ་ཀུན་མྱང་འདས་དང་ཆོས་སྐུ་འགྲུབ་བྱེད་དུ་ཡུམ་ལ་སྤྱོད་པའི་ཆོས་བཞི་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ། ཞེས་སློབ་པའི་ཚུལ་གྱིས་འདོམས་པ་ཡིན་པའི་ཕྱིར།
    གཉིས་པ་མཐའ་དཔྱད་པ་ལ།
    ཁ་ཅིག མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། བུམ་བ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར།
    ཁ་ཅིག ཐ་སྙད་དཔྱོད་་བྱེད་ཀྱི་རྙེད་དོན། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། བདེན་མེད་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། ཐ་སྙད་དཔྱོད་་བྱེད་ཀྱི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། ཇི་སྙེད་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར།
    བྱས་པ་ལ་ཁོ་ན་རེ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་ཡིན་མི་དགོས་པར་ཐལ། སངས་འཕགས་ཀྱི་མིག་ཤེས་ཀྱི་གསུང་བྱ་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་མི་དགོས་པའི་ཕྱིར་ན་མ་ཁྱབ། འོ་ན། མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཉིན་ན་སློབ་པའི་མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་དགོས་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་ན་སློབ་པའི་མིག་ཤེས་ཀྱི་གཟུང་བྱ་ཡི་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཆོས་ཅན། སློབ་པའི་མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་པར་ཐལ། མཐར་ཐུག་དཔྱོད་པའི་མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་པའི་ཕྱིར། འདོད་མི་ནུས་སོ།། །།
    ________________________________________________
    རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༩༧

    Sunday, 23 November 2014

    སྦྱོར་བའི་ཆོས་དྲུག

    སྦྱོར་བའི་ཆོས་དྲུག
    1. གནས་ཁང་བྱི་དོར་བྱས་པ།
    2. རྟེན་བཀྲམས་ཤིང་མཆོད་པ་གྱོ་མེད་པར་གཤམས་པ།
    3. ལུས་ནམ་ཆོས་བདུན་གྱི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ་བ།
    4. ཚོགས་ཞིང་གསལ་བཏབ་པ།
    5. མཎྜལ་དང་འབྲེལ་ཡན་ལག་བདུན་པ་བྱ་བ།
    6. རྒྱུད་དང་འདྲེས་ངེས་ཀྱི་གསོལ་བ་བཏབ་པ།

    Saturday, 15 November 2014

    འཇུག་སྡོམ་ཆོ་གའི་ཐོག་ནས་བྱང་ཆུབ་སེམས་སྒོམ་ཚུལ།

    -----------------------------------------------------------------------------
    དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།།
    སྡིག་པ་ཐམས་ཅད་སོ་སོར་བཤགས།།
    འགྲོ་བའི་དགེ་ལ་རྗེས་ཡི་རང་།།
    སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་།།


    སངས་རྒྱས་ཆོས་དང་ཚོགས་མཆོག་ལ།།
    བྱང་ཆུབ་བར་དུ་བདག་སྐྱབས་མཆི།།
    རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།།
    བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།།


    བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས།།
    སེམས་ཅན་ཐཾས་ཅད་བདག་གི་མགྲོན་དུ་གཉེར།།
    བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།།
    འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།

    དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་ཏེ། །སྐྱོན་མེད་ནཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ།


    འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས།།
    སངས་རྒྱས་ཆོས་དང་དགེ་འདུན་ལ།།
    བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།།
    རྟག་པར་བདག་ནི་སྐྱབས་སུ་མཆི།།


    ཤེས་རབ་སྙིང་བརྩེ་དང་བཅས་པས།།
    བརྩོན་པས་སེམས་ཅན་དོན་དུ་བདག།
    སངས་རྒྱས་མདུན་དུ་གནས་བགྱིས་ཏེ།།
    རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ།།


    ཇི་སྲིད་ནམ་མཁའ་གནས་པ་དང་།།
    འགྲོ་བ་ཇི་སྲིད་གནས་འགྱུར་བ།།
    དེ་སྲིད་བདག་ནི་གནས་གྱུར་ནས།།
    འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།


    ས་སོགས་འབྱུང་བ་ཆེན་པོ་དང་།།
    ནམ་མཁའ་བཞིན་དུ་རྟག་པར་ཡང་།།
    སེམས་ཅན་དཔག་ཏུ་མེད་པ་ཡི།།
    རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག།

    Sunday, 9 November 2014

    གཟའ་ཉི་མའི་སློབ་ཚན་ནང་གི་དྲི་བ་དྲི་ལན།

    1. འབྲེལ་སྒྲའི་ཚིག་ཕྲད་ཀྱི་སྐོར། དཔེར་ན། བླ་མས་ཆོས་འཆད་གི་འདུག འཆད་ཀྱི་འདུག འཆད་ཀྱིན་འདུག གསུམ་དང་། སློབ་མས་ཆོས་ཞུ་གི་འདུག ཞུ་ཡི་འདུག ཞུ་ཡིན་འདུག་སོགས་བྱ་ཚིག་ཅིག་གི་འོག་ཏུ་སླེབས་པའི་ཕྲད་དེ་དག་ཚིག་གྲོགས་ཙམ་ཡིན་ནམ། ཡང་ན་འབྲེལ་སྒྲ་དངོས་གནས་ཡིན་སྐོར།
    2. ཕད་དེ་དག་ཚིག་གྲོགས་ཙམ་ཡིན་ན་རྟགས་མཚུངས་དྲངས་པ་ཙམ་གྱིས་འགྲིགས་ཀྱང་། འབྲེལ་སྒྲ་ཡིན་ན། འབྲེལ་གཞི་འབྲེལ་ཆོས་ངོས་མི་ཟིན་པ་དང་། འབྲེལ་སྒྲའི་ཕད་མིན་པའི་ཀི་སླེབས་ཡོང་བ་སོགས་སྐོར།
    3. གསུམ་བཅུ་པ་དང་རྟགས་འཇུག་ལ་མིང་མི་འདྲ་བ་ཡོད་རྒུ་མཚན་སྐོར།
    4. དབང་ཞུ་སྐབས་སུ་པུས་མོ་གཡས་པ་ས་ཙུགས་དགོས་དོན་ཅི་ཡིན་ནམ།
    5. མི་འདས་གྲོང་སྐབས་དཔེ་ཆ་གང་འདོན་དཔོས་སམ། དམིག་བསལ་གྱིས་དེའི་སྐབས་གྲྭ་པ་རྩ་བ་ནས་མ་རགས་པའི་དུས་མི་ཕལ་པས་ཡི་གེ་ཤེ་ནའན་དཔེ་ཆ་གང་འདོན་མ་ཤེས་པའི་དཀའ་ངླ་བྱུང་པ་སོགས་སྐབས་སྐོར།

    རྒྱུད་སྡེ་འོག་མའི་གཞུང་ནས་བཤད་པའི་ཚུལ།

    mp3 audio for November 6th, 2014

    _____________________________________

    • མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་ས་བཅད་ལས།

      ལེའུ་དང་པོ་བསྟན་པ་ལ་འཇུག་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ།
      རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པ།
      - རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ།
      + ཐེག་པ་སྤྱིའི་དབྱེ་བ།
      • ཇི་ལྟར་དབྱེ་བའི་སྒོ།
      • གང་གིས་འབྱེད་པའི་རྒྱུ་མཚན།
      • ཕྱེ་བ་སོ་སོའི་རང་བཞིན།
        • ཐེག་པ་དམན་པའི་རྣམ་གཞག
        • ཐེག་པ་ཆེན་པོའི་རྣམ་གཞག
      • ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པ།
        + ཐེག་པ་ཆེན་པོའི་དབྱེ་བ།
        ༡། ཐེག་པ་ཆེན་པོ་གཉིས་སུ་དབྱེ་བ།
        ཀ། ཇི་ལྟར་དུ་ཕྱེ་བའི་གྲངས།
        ཁ། ཕྱེ་བ་སོ་སོའི་དོན།
        ག དེ་ལྟར་དུ་འབྱེད་པའི་རྒྱུ་མཚན།
        ༡ རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ།
        ༢ དེ་ལ་ལན་གདབ་པ།
        ༡-----གཞན་གྱིས་བརྟགས་པའི་མཐའ་དགག་པ།
        ༢-----ལེགས་པར་གནས་པའི་ཕྱོགས་གཞག་པ་ནི།
        ཀ། ཐེག་ཆན་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས།
        • དངོས་ཀྱི་དོན་བསྟན་པ།
        • དེའི་ཁུངས་དགོས་པ།
          • རྣལ་འབྱོར་བླ་མེད་ཀྱི་གཞུང་ནས་བཤད་པ།
            • རྒྱུད་ནས་བཤད་པའི་ཚུལ།
            • དགོངས་འགྲེལ་རྣམས་ཀྱིས་ཇི་ལྟར་བཤད་པ།
              • སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ནས་ཇི་ལྟར་བཤད་པ།
              • སློབ་དཔོན་གཞན་གྱིས་ཇི་ལྟར་བཤད་པ།
          • རྒྱུད་སྡེ་འོག་མའི་གཞུང་ནས་བཤད་པའི་ཚུལ།
          • དེ་ལ་རྩོད་པ་སྤང་བ།
            ཁ། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པ།
              ༢། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ།
              - དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་པ།
              མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༣༠ ནས།

            Thursday, 6 November 2014

            གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱིས་རིམ་པར་བློ་སྦྱང་བ་ལ་གསུམ།

            ________________________________________________

            གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱིས་རིམ་པར་བློ་སྦྱང་བ་ལ་གསུམ།
            • ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ་ཕན་ཡོན་དང་བཅས་པ།
            • བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ།
            • སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ།
            དང་པོ་ནི། དེ་ལྟར་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས། ལྷག་པའི་བསླབ་པ་གསུམ་ལ་འབད་པས་རང་གཅིག་པུས་ཐར་པའི་གོ་འཕང་ཐོབ་ཙམ་དང་འཁོར་བ་ལས་ལྡོག་ཙམ་འབྱུང་ཡང་། དེ་ཙམ་གྱིས་མོ་ཆོག་སྟེ། སྤང་བྱ་ཐམས་ཅད་མ་སྤངས། ཐོབ་བྱ་ཡོན་ཏན་ཐམས་ཅད་ཀྱང་ཡོངས་སུ་མ་རྫོགས་པས་རང་དོན་དང་གཞན་དོན་ཡང་ཉི་ཚེ་བ་ལས་མ་འབྱུང་ཞིང་། སླར་ཐེག་ཆེན་ལ་གཞི་ནས་འཇུག་དགོས།
            ཐེག་ཆེན་རིགས་ཅན་ཐེག་དམན་གྱི་ལམ་དུ་ཞུགས་ཏེ་དགྲ་བཅོམ་ཐོབ་པ་ལས། ཐེག་ཆེན་གྱི་ཆོས་ཐོས་ནས་བག་ཆགས་བཞག་ཅིང་ལོག་ལྟ་སྐྱེས་ཏེ་དམྱལ་བར་སྐྱེས་ན། འཚང་རྒྱ་བར་མྱུར་བ་ཡིན།
            དེས་ན། རང་རེས་ངེས་འབྱུང་གི་བློ་ལ་མྱོང་བ་ཐོན་པ་ན་ཐེག་ཆེན་གྱི་ལམ་ལ་ངེས་པར་འཇུག་དགོས། སྐྱེས་བུ་འབྲིང་དང་ཐུང་མོང་བའི་ལམ་ལ་བློ་སྦྱངས་པ་ནི། ངེས་འབྱུང་རྒྱུད་ལ་སྐྱེ་བའི་ཆེད་ཡིན་གྱི། ལམ་དངོས་ལ་འགྲོ་བའི་ཕྱིར་མིན་ནོ།

            Wednesday, 5 November 2014

            ཐེག་ཆེན་གྱི་གདམས་ངག རང་ལུགས་དང་། རྩོད་པ་སྤོང་བ།

            ________________________________________________

            ཁ་ཅིག མཆོག་གི་སྤྲུལ་སྐུ་ལ་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པ་ལ་ཚོགས་ལམ་ཆེན་པོ་ཐོབ་དགོས་ཟེར་ན། མི་འཐད་པར་ཐལ། དེ་ལ་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པའི་ལམ་མ་ཞུགས་པའི་གང་ཟག་ཡོད་པའི་ཕྱིར། གཞན་ཡང་། དེ་འདྲའི་ཐེག་ཆེན་ཚོགས་ལམ་ཆུང་ངུ་ལ་གནས་པའི་སེམས་དཔའ་ཡོད་པའི་ཕྱིར།
            ཁ་ཅིག སྲིད་པ་ཐ་མ་པའི་བྱང་སེམས་ཡིན་ན། ཐེག་ཆེན་གྱི་གདམས་ངག་མི་ཉན་པས་ཁྱབ་སྟེ། མདོ་ལས། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་ཅི་ཡང་མེད། །ཅེས་གསུངས་པའི་ཕྱིར་ཟེར་ན་མི་འཐད་པར་ཐལ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ལ་ཐེག་ཆེན་གྱི་མདོ་ཉན་པའི་སྲིད་པ་ཐ་མ་པའི་བྱང་སེམས་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་ཐོབ་པའི་སྲིད་པ་ཐ་མ་པའི་བྱང་སེམས་ཡོད་པའི་ཕྱིར།
            ཁ་ཅིག ཐེག་ཆེན་གྱི་གདམས་ངག་ཉན་པའི་ས་མཚམས་ཀྱི་ཡ་མཐའ་རྒྱུན་མཐའི་བར་དུ་འཇོག་ཟེར་ན། མི་འཐད་པར་ཐལ། སངས་རྒྱས་ཀྱི་ས་ན་ཐེག་ཆེན་གྱི་གདམས་ངག་ཉན་པ་ཡོད་པའི་ཕྱིར་ཏེ། དེ་ན་དེ་ཉན་པའི་ཉན་ཤེས་ཡོད་པའི་ཕྱིར།

            རང་ལུགས་ནི། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་སྟོན་པའི་ཐེག་ཆེན་གྱི་ངག་དེ། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད།
            དེ་ལ་དབྱེ་ན།
            • ཐེག་ཆེན་གྱི་འདོམས་པའི་གདམས་ངག ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་པའི་ཕྱིར་དུ་འདོམས་པའི་ཐེག་ཆེན་ངག་དེ། དང་པོའི་མཚན་ཉིད།
            • རྗེས་བསྟན་གྱི་གདམས་ངག སྔར་མ་ཐོབ་པའི་ཡོན་ཏན་ཐོབ་ཕྱིར་དུ་འདོམས་པའི་ཐེག་ཆེན་ངག་དེ། གཉིས་པའི་མཚན་ཉིད།
            རྩོད་པ་སྤོང་བ་ལ། ཤཱ་རི་བུས་དྲི་ལན་གྱི་ཚུལ་གྱིས་ཞུས་པའི་ཡུམ་གྱི་མདོ་ཚིག་ཆོས་ཅན། ཐེག་ཆེན་གྱི་ངག་ཡིན་པར་ཐལ། ཐེག་ཆེན་གྱི་གདམས་ངག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཐེག་དམན་གྱི་ངག་ཡིན་པའི་ཕྱིར། འོ་ན། སྟོན་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའི་ཐེག་དམན་གྱི་མདོ་ཆོས་ཅན། ཐེག་ཆེན་གྱི་བཀས་ཡིན་པའི་ཕྱིར། ཁྱབ་པ་ངས། འདོད་ན། མ་ཡིན་པར་ཐལ། ཐེག་དམན་གྱི་མདོ་ཡིན་པའི་ཕྱིར།
            ཁོ་ན་རེ། སྒྲ་མེད་དུ་གདམས་ངག་སྟོན་པ་མེད་པར་ཐལ། གདམས་ངག་ཡིན་ན་ངག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྒྲ་མེད་དུ་ཆོས་སྟོན་པ་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ།
            ཡང་ཁོ་ན་རེ། སངས་རྒྱས་ཀྱི་ཐུགས་རྗེའི་དབང་གིས་ལྗོན་ཤིང་རླུང་གིས་བསྐུལ་བ་ལ་བརྟེན་ནས་བྱུང་བའི་འདུས་བྱས་མི་རྟག་ཅེས་པའི་སྒྲ་ཆོས་ཅན། ངག་ཡིན་པར་ཐལ། གདམས་ངག་ཡིན་པའི་ཕྱིར། འདོད་ན། རང་རྒྱུ་སྐྱེས་བུའི་བརྗོད་པ་ལྕེ་རྐན་ལས་བྱུང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ།

            རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༩༦

            Tuesday, 4 November 2014

            གསང་སྔགས་པ་ཡིན་ཡང་སོ་ཐར་གྱི་སྡོམ་ལྡན་ཡིན་ན་ཚུལ་བཞིན་བསྲུང་དགོས་པ།

            དཔུང་བཟང་གི་རྒྱུད་ལས།
            རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡིས། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ།
            འཇམ་དཔལ་རྩ་རྒྱུད་ལས།
            ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །བྱིས་པ་ངན་པ་འདི་ལ་ནི། །སྔགས་འགྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །དེ་ལ་དེ་འགྲོ་ག་ལ་ཡོད། །མཐོ་རིས་སུ་ཡང་མི་འགྱུར་ཞིང་། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས།

            Monday, 3 November 2014

            ཐེག་ཆེན་གྱི་གདམས་ངག ཚིག་དོན་དང་མཐའ་དཔྱད་པ།

            ____________________________________________
            དམ་བཅའི་དོན་སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་བཤད་པ།
            • དངོས།
              • མཚམས་སྦྱར་བ།
                • ཚིག་དོན།
                • མཐའ་དཔྱད་པ།
              • དོན་བཤད་པ།
            • གདམས་ངག་གི་དོན་བསྒོམ་པས་སྟོང་ཉིད་ལ་དམིཕ གས་པའི་བསྒོམ་བྱུང་སྐྱེ་བའི་ཐོག་མ།
            ཚིག་དོན།
            མཆོག་གི་སྤྲུལ་སྐུས་ཐེག་ཆེན་གྱི་གདམས་ངག་འདོམས་པ་ལ་དགོས་ཡོད་སྟེ། སྣར་མ་ཐོབ་པའི་བྱང་ཆུབ་ཀྱི་སེམས་གསར་དུ་བསྐྱེད་པ་དང་། དེས་འཕངས་པའི་ཆོས་སྦྱོར་བ་ཕུན་ཚོགས་ཀྱིས་བསྡུས་པའི་ཞི་ལྷག་སོགས་འགྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། སྔར་ཡོན་ཏན་ཐོབ་པ་མི་ཉམས་པར་ཡོངས་སུ་བསྲུང་བའི་དོན་གྱི་ཆེད་ཀྱིས་མངོན་པར་འཕེལ་བར་བྱ་བའི་ཕྱིར།
            མཐའ་དཔྱད་པ།
            ༡༽ ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་སྟོན་པའི་སངས་རྒྱས་ཀྱི་གསུང་དེ། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་ཟེར་ན།
            བསྟོན་བཅོས་མངོན་རྟོགས་རྒྱན་ཆོས་ཅན།་མཚན་ཉིད་དེར་ཐལ་མཚན་བྱ་དེའི་ཕྱིར།
            ༢༽ ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་འདོམས་པའི་རྗོད་བྱེད་དེ། སྤྱིར་གདམས་ངག་གི་མཚན་ཉིད་ཟེར་ན།
            སངས་རྒྱས་ཀྱི་བཀའ་ཆོས་ཅན།་མཚན་ཉིད་དེར་ཐལ་མཚན་བྱ་དེའི་ཕྱིར།
            ༣༽ ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཆེན་རྫོགས་པའི་བྱང་ཆུབ་སྒྲུབ་བའི་ཐབས་མ་ནོར་བར་འདོམས་པའི་རྗོད་བྱེད་དེ། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་ཟེར་ན།
            གཞན་དབང་བདེན་གྲུབ་ཏུ་སྟོན་པའི་སེམས་ཙམ་པའི་བསྟན་བཅོས་ཆོས་ཅན།་མཚན་ཉིད་དེར་ཐལ་མཚན་བྱ་དེའི་ཕྱིར།
            ____________________________________________

            Sunday, 2 November 2014

            ལྨ་རིམ་ཆེན་མོ་ལས། རྡོ་རྗེ་ཐེག་པ་ལ་བསླབ་པའི་ཚུལ་དང་། འཐེག་པ་ཆེན་པོ་གཉིས་སུ་འབྱེད་པའི་རྒྱུ་མཚན་དེ་སློབ་དཔོན་གཞན་གྱིས་ཇི་ལྟར་བཤད་པ། གཉིས་པ།


            _____________________________________

            • མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་ས་བཅད་ལས།

              ལེའུ་དང་པོ་བསྟན་པ་ལ་འཇུག་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ།
              རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པ།
              - རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ།
              + ཐེག་པ་སྤྱིའི་དབྱེ་བ།
              • ཇི་ལྟར་དབྱེ་བའི་སྒོ།
              • གང་གིས་འབྱེད་པའི་རྒྱུ་མཚན།
              • ཕྱེ་བ་སོ་སོའི་རང་བཞིན།
                • ཐེག་པ་དམན་པའི་རྣམ་གཞག
                • ཐེག་པ་ཆེན་པོའི་རྣམ་གཞག
              • ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པ།
                + ཐེག་པ་ཆེན་པོའི་དབྱེ་བ།
                ༡། ཐེག་པ་ཆེན་པོ་གཉིས་སུ་དབྱེ་བ།
                ཀ། ཇི་ལྟར་དུ་ཕྱེ་བའི་གྲངས།
                ཁ། ཕྱེ་བ་སོ་སོའི་དོན།
                ག དེ་ལྟར་དུ་འབྱེད་པའི་རྒྱུ་མཚན།
                ༡ རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ།
                ༢ དེ་ལ་ལན་གདབ་པ།
                ༡-----གཞན་གྱིས་བརྟགས་པའི་མཐའ་དགག་པ།
                ༢-----ལེགས་པར་གནས་པའི་ཕྱོགས་གཞག་པ་ནི།
                ཀ། ཐེག་ཆན་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས།
                • དངོས་ཀྱི་དོན་བསྟན་པ།
                • དེའི་ཁུངས་དགོས་པ།
                  • རྣལ་འབྱོར་བླ་མེད་ཀྱི་གཞུང་ནས་བཤད་པ།
                  • རྒྱུད་སྡེ་འོག་མའི་གཞུང་ནས་བཤད་པའི་ཚུལ།
                  • དེ་ལ་རྩོད་པ་སྤང་བ།
                    ཁ། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པ།
                      ༢། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ།
                      - དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་པ།
                      མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༣༠ ནས།