Thursday, 14 April 2016

གཉིས་པ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་ཉམས་ལེན།

གཞན་ཡང་བསླབ་བཏུས་ལས། ལུས་གཏོང་སེམས་སྤེལ་བ་དང༌། དུས་ལ་མ་བབ་ཀྱི་བར་དུ་འགལ་རྐྱེན་ལས་ལུས་བསྲུང་བ་དང༌། མི་དགེ་བར་མི་བཀོལ་བར་དག་པར་བྱེད་པ་སྟེ། བཏང་སྲུང་དག་པ་གསུམ་དང༌། ལུས་རྟེན་འདིས་རྒྱུ་བསྒྲུབས་ནས། ཕྱི་མའི་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་བསྐྱེད་པ་ནི་སྤེལ་བ་སྟེ་བཞི་གསུངས་ལ། ལོངས་སྤྱོད་ལའང་བཏང་བ་དང༌། གཏོང་སེམས་སྤེལ་བ་དང༌། ཞིང་ཁྱད་པར་ཅན་ལ་མ་སོང་གི་བར་དུ་བསྲུང་བ་དང་། ལོག་འཚོ་དང་སྡིག་པས་མི་གོས་པར་བྱེད་པ་དག་པ་དང༌། ཕྱིས་ནས་ཀྱང་ལོངས་སྤྱོད་འབྱུང་བའི་ཕྱིར་བཏང་བ་བསྒྲུབས་ནས་སྤེལ་བ་སྟེ་བཞི་དང༌། དགེ་བའང་སེམས་ཅན་ལ་སྙིང་ཐག་པ་ནས་བཏང་བ་དང༌། ཁོང་ཁྲོས་མི་འཇོམས་པར་བསྲུང་བ་དང༌། ཚེ་འདིའི་བདེ་བ་དོན་གཉེར་དང༌། ཕྱི་མ་ངན་སོང་ལྡོག་ཙམ་གྱི་ཆེད་སོགས་རང་དོན་ཀུན་སློང་དྲི་མ་ཅན་གྱིས་མ་གོས་པར་དག་པ་དང༌། ཡི་རང་གིས་སྤེལ་བ་སྟེ། དེ་ལྟར་བཞི་བཞི་གསུངས་པ་ལྟར་སློབ་དགོས།

གཉིས་པ།
ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ནི།
སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་པ་བཞིན། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ལོག་ནས་སྤོང་བའི་སེམས་ལ་བྱེད་ཅིང༌། འདི་ལ་གོམས་པ་གོང་དུ་ཡོངས་སུ་རྫོགས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ཡིན།
ཚུལ་ཁྲིམས་ལ་གསུམ་ལས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། སྡོམ་པ་གསུམ་ལྟ་བུ་སྟེ། ལམ་སྒྲོན་ལས། སོ་སོ་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་པའི་དངོས་ཟིན་ལ། བྱང་སྡོམ་ལེན་པའི་རྟེན་ལ་སོ་ཐར་གྱི་ཚུལ་ཁྲིམས་ཡོད་དགོས་པ་ལྟ་བུར་གསུངས་པ་ནི། སྔགས་ཀྱི་སྐབས་སྔགས་སྒྲུབ་པའི་རྟེན་ལ་དགེ་སློང་མཆོག་ཏུ་བཤད་པ་བཞིན་བྱང་སེམས་ཀྱི་བསླབ་པར་སློབ་པའི་རྟེན་མཆོག་ལ་དགོངས་པ་ལས་རྣམ་པ་ཐམས་ཅད་ལ་ནི་མ་ཡིན་ཏེ། བྱང་སེམས་ཀྱི་བསླབ་པ་ལ་སློབ་པའི་རྟེན་དུ་གྱུར་པའི་ལྷ་དང་ཀླུ་ཡང་ཡོད། འོ་ན་གང་འདྲ་ཞིག་དགོས་ཤེ་ན། སོ་ཐར་གྱི་སྡོམ་ལྡན་བྱང་སེམས་ཀྱི་བསླབ་པར་སློབ་པ་ཞིག་ཡིན་ན་སོ་ཐར་གྱི་སྡོམ་པ་དེ་དང་ཐུན་མོང་བའི་སྤོང་སྡོམ་དེ་སྐབས་འདིའི་སྡོམ་པའི་ཚུལ་ཁྲིམས་ལ་ངོས་འཛིན་ཅིང༌། སོ་ཐར་སྡོམ་ལྡན་མིན་ན་མི་དགེ་བཅུ་སྤོང་གི་སྤོང་སྡོམ་ལ་སྡོམ་པའི་ཚུལ་ཁྲིམས་སུ་འཇོག །བྱང་སེམས་ཀྱི་རྒྱུད་ཀྱི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང༌། སོ་ཐར་གྱི་སྡོམ་པ་ནི། བྱང་སེམས་ཀྱི་སྡོམ་པ་ལས་ངོ་བོ་ཐ་དད་པར་གསུངས་པ་རེད། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། བྱང་སེམས་ཀྱི་བསླབ་པ་དང་ལྡན་པས་ཞིང་ཁྱད་པར་ཅན་ལ་ཕྱག་དང་མཆོད་པ། བཀུར་སྟི་རིམ་གྲོ། ཐོས་བསམ་སྒོམ་སྒྲུབ། ཆོས་འཆད་ཉན་བྱེད་པ་སོགས་སྒོ་གསུམ་གྱི་དགེ་བའི་བྱ་བ་ལ་བརྩོན་པ་ཐམས་ཅད་དང༌། མདོར་ན་རང་གཞན་གྱི་རྒྱུད་སྨིན་པར་བྱེད་པའི་ཕྱིན་དྲུག་གི་སྤྱོད་པ་ཀུན་དེ་ཡིན། རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཚུལ་ཁྲིམས་རྣམ་པ་གསུམ་དུ་འདུ་ཞིང༌། སྤྱིར་ན་ལམ་གྱི་རིམ་པ་ཐམས་ཅད་ཚུལ་ཁྲིམས་རྣམ་པ་གསུམ་ཉིད་ཇེ་འཕེལ་དུ་བཏང་བ་ཡིན། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི། བསྡུ་བཞིའི་སྤྱོད་པ་ལ་སོགས་པ་སྟེ། དེ་ལ་ཡང་དོན་བྱེད་ཚུལ། བྱ་བ་བྱེད་པ་དང་སྡུག་བསྔལ་གྱི་གྲོགས་བྱེད་པ༑
ཐབས་ལ་རྨོངས་པའི་དོན་བྱེད་པ། ཕན་འདོགས་པས་དོན་བྱེད་པ། འཇིགས་པས་ཉེན་པའི་དོན་བྱེད་པ། མྱ་ངན་གྱིས་གཟིར་བའི་དོན་བྱེད་པ། ཕོངས་པའི་དོན་བྱེད་པ། གནས་འཆའ་བར་འདོད་པའི་དོན་བྱེད་པ། བློ་མཐུན་པར་འདོད་པའི་དོན་བྱེད་པ། ཡང་དག་པར་ཞུགས་པའི་དོན་བྱེད་པ། ལོག་པར་ཞུགས་པའི་དོན་བྱེད་པ། རྫུ་འཕྲུལ་གྱིས་དོན་བྱེད་པ་སྟེ་རྣམ་པ་བཅུ་གཅིག་ཡོད་ལ། དེའི་ནང་ནས་རྫུ་འཕྲུལ་གྱིས་དོན་བྱེད་པ་མ་གཏོགས་པའི་ལྷག་མ་བཅུ་ནི། རང་རེས་ནུས་པ་ཁོ་ན་སྟེ། མདོར་ན་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་བྱ་བ་ཀུན་ཀྱང་འདིར་གཏོགས་པ་ཡིན། དེས་ན་སོ་ཐར་གྱི་སྡོམ་པ་མ་བླངས་ཀྱང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་ལ་བསླབ་སྟེ། རང་རྒྱུད་སྨིན་པའི་ཕྱིར་ཕྱིན་དྲུག་ལ་སློབ་ཅིང༌། དེ་ནས་གཞན་ལ་གང་ཕན་གྱི་སྤྱོད་པ་ལ་སློབ་པ་ནི། ཚུལ་ཁྲིམས་གསུམ་ལ་སློབ་ཚུལ་ལོ།།

No comments:

Post a Comment