སྤྱིར་ཕར་ཕྱིན་དང་པོ་གསུམ་ནི་ཁྱིམ་པའི་ལག་ལེན་གྱི་གཙོ་བོ་ཡིན་ཏེ། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །ཞེས་གསུངས། གཏོང་དུ་མི་རུང་བའང་ལུས་ལྟ་བུ་ནི། གཏོང་སེམས་སྤེལ་བ་ཙམ་ལས། ད་ལྟ་མ་གོམས་པས་ལུས་བཏང་བར་མི་བྱ་ཞིང༌། ཕྱིས་ནས་སྤྱོད་འཇུག་ལས་གསུངས་པ་ལྟར་ཚོད་མ་བཏང་བ་ཙམ་ལས་དཀའ་བ་མེད་པར་བྱུང་ཚེ་བཏང་ཆོག །སྦྱིན་དུ་མི་རུང་བ་ནི། སྦྱིན་པ་པོ་རབ་བྱུང་གིས་རང་གི་ཆོས་གོས་རྣམ་གསུམ་སོགས་སྦྱིན་པ་དང༌། རབ་བྱུང་ལ་ཕྱི་དྲོའ་ིཁ་ཟས་དང༌། བྲམ་ཟེ་སོགས་གཙང་སྦྲ་ཅན་ལ་སྒོག་བཙོང་སོགས་མི་གཙང་བ་དང༌། དྲི་ང་བའི་རིགས་སྟེར་བ་དང་། ཀླན་ཀ་ཚོལ་འདོད་ལ་གླེགས་བམ་སྦྱིན་པ་དང༌། འཆི་འདོད་པར་དུག་དང་མཚོན་སྦྱིན་པ་དང༌། སྣོད་མིན་ལ་གསང་བ་སྟོན་པ་དང༌། བསྟན་པ་དང་སེམས་ཅན་ལ་གནོད་པ་བྱེད་ངེས་ཀྱི་ནག་ཅན་ཁྲིམས་ལས་བཏོན་པ་སོགས་ཡུལ་དང་དུས་དང་དངོས་པོ་སོགས་ཀྱི་སྒོ་ནས་དམིགས་བསལ་གྱི་དགག་བྱ་ཅན་རྣམས་སྦྱིན་པར་མི་བྱ། སྦྱིན་པ་བྱས་པར་འབྲས་བུ་མེད་དོ་སྙམ་པའི་ལོག་ལྟ་དང༌། འགྲོ་བ་གཅིག་གི་ཆེད་དུ་སེམས་ཅན་གཞན་མང་པོ་ཡལ་བར་དོར་ནས་དེ་གཅིག་པུ་སྐྱོབ་པ་ལྟ་བུ་དོན་ཆུང་དང༌། ཕྱུགས་ཀྱི་མཆོད་སྦྱིན་ལྟ་བུ་ལྟ་ངན་དང༌། བརྙས་སྨོད། འགྲན་འདོད། ཁེངས་སེམས། གྲགས་འདོད། ཞུམ་པ། འགྱོད་སེམས། ཕྱོགས་རིས་སོགས་ཀྱིས་མ་གོས་པར་བསླབ།
No comments:
Post a Comment