________________________________________________
སྐྱེས་བུ་ཆེན་པོའི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཕན་ཡོན་བཤད་པ་ན་འདི་ལ་བཅུ།
- ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
- རྒྱལ་བའི་སྲས་ཞེས་བྱ་བ་མིང་ཐོབ་པ།
- ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་ནོན་པ།
- མཆོད་པའི་ཞིང་མཆོག་ཏུ་འགྱུར་བ།
- ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་པ།
- སྡིག་སྒྲིབ་མྱུར་དུ་་སྦྱང་བ།
- ཅི་བསམ་པ་འགྲུབ་པ།
- གནོད་པ་དང་བར་ཆད་ཀྱིས་མི་ཚུགས་པ།
- ས་ལམ་ཐམས་ཅད་མྱུར་དུ་རྫོགས་པ།
- འགྲོ་བའི་སྐྱིད་མ་ལུས་པ་འབྱུང་བའི་ཞིང་སར་འགྱུར་བ།
________________________________________________
ལྔ་པ་ནི། སྙུག་རུམ་པས། བྱང་ཆུབ་ཀྱི་སེམས་འདི་གཅིག་སྐྱེ་རུ་བཏུབ་ན་དང་པོ་ཚོགས་ཁོ་རང་གིས་གསོག །སྒྲིབ་པ་ཡང་ཁོ་རང་གིས་སྦྱོང་། བར་ཆད་ཀྱང་ཁོ་རང་གིས་སེལ། ཞེས་དང་། རྗེ་བླ་མས། ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །ཞེས་གསུངས་པ་བཞིན། ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་གསོག་ལ། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། །ཞེས་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་པ་བཞིན་བསོད་ནམས་ཀྱི་ཚོགས་རྫོགས་པ་ལ་འདི་ལས་ལྷག་པ་མེད་དེ། སེམས་འདིས་མ་ཟིན་པར་སེམས་ཅན་འབུམ་ཕྲག་གཅིག་ལ། བསྐལ་པ་འབུམ་ཕྲག་མང་པོར་སྟོང་གསུམ་ནོར་གྱིས་བཀང་སྟེ་སྦྱིན་པ་བྱིན་པ་ཡང་འབྲས་བུ་ཟད་དུ་ཡོད་ལ། རྒྱལ་སྲས་ཀྱི་སྤྱོད་པ་མིན་ཞིང་། སངས་རྒྱས་ཀྱི་རྒྱུར་མི་འགྱུར་ཡང་། སེམས་འདིས་ཟིན་ནས་དུད་འགྲོ་ལ་ཟན་ཆངས་གཅིག་སྦྱིན་པ་ཙམ་ཡང་འབྲས་བུ་ཟད་དུ་མེད་ཅིང་། རྒྱལ་སྲས་ཀྱི་སྤྱོད་པ་དང་སངས་རྒྱས་པའི་རྒྱུར་འགྲོ། སེམས་འདིས་ཟིན་པའི་སྒོ་ནས་སྤོས་རྐང་གཅིག་ཕུལ་བ་ན། སེམས་ཅན་གྱི་གྲངས་དང་མཉམ་པའི་སྤོས་ཕུལ་བའི་ཕན་ཡོན་ཡོད་པར་གསུངས། དེས་ན་སེམས་དེས་ཟིན་པས་མ་ཎི་ཚར་གཅིག་བཏོན་ཀྱང་སེམས་ཅན་གྱི་གྲངས་དང་མཉམ་པའི་ཕན་ཡོན་འཐོབ། སྔོན་སངས་རྒྱས་ཞལ་བཞུགས་སྐབས། དབུལ་པོ་གཅིག་གིས་སེམས་དེས་ཟིན་པའི་སྒོ་ནས་མར་མེ་ཀོང་བུ་ཆུང་ངུ་གང་ཕུལ་བ། ཀུན་དགའ་བོས་བསད་མ་ནུས་པ་ན། དེ་བཞིན་གཤེགས་པས་བསྐལ་པའི་འཐོར་རླུང་གིས་ཀྱང་གསོད་མི་ནུས་པར་གསུངས་པའང་། བསོད་ནམས་འཕེལ་བས་ཡིན། སྤྱོད་འཇུག་ལས་ཀྱང་། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་པ་ལྟར་འཇུག་སྡོམ་བླངས་ནས་བཟུང་། གཉིད་ལོག་པའམ་བག་མེད་པར་གྱུར་ཀྱང་དགེ་བ་རྒྱུན་མི་འཆད་པར་འབྱུང་ལ། སེམས་ཅན་གཅིག་གི་ཀླད་ནད་ཙམ་བསལ་འདོད་བསྐྱེད་ཀྱང་། ཕན་ཡོན་ཆེན་པོ་ཡོད་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ནད་དཔག་ཏུ་མེད་པ་ལས་སྒྲོལ་འདོད་ཀྱི་བློ་བསྐྱེད་པ་ནི་བསོད་ནམས་ཅིའི་ཕྱིར་མི་ཆེ་སྟེ། སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་འགྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེད་དུ། །སྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཞེས་དང་། འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་བཅས་སྦྱིན་པར་བྱེད་པ་དང་། །བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །ཞེས་སོགས་གསུངས་པ་ལྟར་ཡིན། མདོར་ན་སེམས་དེས་ཀུན་ནས་བསླངས་ཏེ་དགེ་བ་གང་བྱས་ཀྱང་། དེའི་ཕན་ཡོན་སེམས་ཅན་ཐམས་ཅད་ཀྱི་གྲངས་དང་མཉམ་པར་འབྱུང་གསུངས།